རྒྱ་གར་སྐད་དུ། བི་ན་ཡ་བསྟུ། བོད་སྐད་དུ། འདུལ་བ་གཞི། བམ་པོ་དང་པོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་གིས་འཆིང་རྣམས་ཡང་ དག་རབ་བཅད་ཅིང་། །མུ་སྟེགས་ཚོགས་རྣམས་ཐམས་ཅད་རབ་བཅོམ་སྟེ། །སྡེ་དང་བཅས་ པའི་བདུད་རྣམས་ངེས་བཅོམ་ནས། །བྱང་ཆུབ་འདི་བརྙེས་དེ་ལ་ཕྱག་འཚལ་ལོ། །ཁྱིམ་དོན་ཆེ་ ཆུང་སྤངས་ཏེ་དང་པོ་རབ་འབྱུང་དཀའ། །རབ་བྱུང་ཐོབ་ནས་ཡུལ་སྤྱད་དག་གིས་དགའ་ཐོབ་དཀའ། ། མངོན་དགའ་ཇི་བཞིན་དོན་བསྐྱེད་ཡང་དག་བྱེད་པ་དཀའ། །ངུར་སྨྲིག་གོས་འཆང་མཁས་པ་ཚུལ་ ལས་ཉམས་པ་དཀའ། །གཞི་རྣམས་ཀྱི་སྤྱི་སྡོམ་ལ། རབ་འབྱུང་གསོ་སྦྱོང་གཞི་དང་ནི། ། དགག་དབྱེ་དབྱར་དང་ཀོ་ལྤགས་གཞི། །སྨན་དང་གོས་དང་སྲ་བརྐྱང་དང་། །ཀཽ་ཤམ་བི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་ མལ་དང་ནི་རྩོད་པ་དང་། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །རབ་ཏུ་བྱུང་བའི་སྤྱི་སྡོམ་ལ། ཤཱ་རིའི་བུ་དང་མུ་སྟེགས་ཅན། །དགེ་ཚུལ་གཉིས་དང་བྱ་རོག་སྐྲོད། །དགྲ་བཅོམ་བསད་དང་ ལག་རྡུམ་གྱི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །སྡོམ་ལ་ཤཱ་རིའི་བུ་དང་རབ་འབྱུང་དང་། །བསྙེན་པར་རྫོགས་པར་གནང་བ་དང་། །ཉེ་སྡེས་ཚོགས་ནི་བསྡུས་པ་དང་། །ལྔ་པའི་སྡེ་ཚན་བསྡུས་ པ་ཡིན། །བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ན། ཡུལ་ཨང་ག་དག་ན་ཨང་གའི་རྒྱལ་པོ་ཞེས་བྱ་བས་རྒྱལ་སྲིད་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་ གང་བ་བྱེད་དུ་བཅུག་གོ། ༎ཡུལ་མ་ག་དྷ་དག་ན་ཡང་རྒྱལ་པོ་པད་མ་ཆེན་པོ་ཞེས་བྱ་བས། རྒྱལ་སྲིད་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་བྱེད་དུ་བཅུག་གོ། རེས་འགའ་ནི་ཨང་གའི་རྒྱལ་པོ་དཔུང་དང་མཐུ་ཆེ་བ་ཡིན་ལ། རེས་འགའ་ནི་རྒྱལ་པོ་པད་མ་ཆེན་པོ་དཔུང་དང་མཐུ་ཆེ་བ་ཡིན་ནོ། །གང་གི་ཚེ་ཨང་གའི་རྒྱལ་པོ་དཔུང་དང་མཐུ་ཆེ་བ་དེའི་ཚེ་ན། དེས་དཔུང་གི་ཚོགས་ཡན་ལག་བཞི་པ། གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། ཡུལ་མ་ག་དྷ་རྒྱལ་པོའི་ ཁབ་མ་གཏོགས་པ་བཅོམ་ནས་ཕྱིར་ལྡོག་པར་བྱེད་དོ། །གང་གི་ཚེ་རྒྱལ་པོ་པད་མ་ཆེན་པོ་དཔུང་དང་མཐུ་ཆེ་བ་དེའི་ཚེ་ན། དེས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ། གླང་པོ་ཆེ་པའི་ ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། ཡུལ་ཨང་ག་ཙམ་པ་མ་གཏོགས་པ་བཅོམ་ནས་ཕྱིར་ལྡོག་པར་བྱེད་དོ། །དེ་ནས་དུས་གཞན་ཞིག་ན་ཨང་ གའི་རྒྱལ་པོ་དཔུང་དང་མཐུ་ཆེ་བར་གྱུར་ནས་དེས་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ་ཡུལ་མ་ ག་དྷ་གཞོམ་པར་བརྩམས་པ་དང་། མ་ག་དྷ་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་རྒྱལ་པོ་པད་མ་ཆེན་པོ་ལ་ལྷ་ཨང་གའི་རྒྱལ་པོས་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ་ཡུལ་མ་ག་དྷ་འཇོམས་པར་བགྱིད་དོ་ཞེས་སྦྲོན་པ་དག་བཏང་ངོ་། །རྒྱལ་པོ་པད་མ་ཆེན་པོས་ཀྱང་ཐོས་ནས་དཔུང་གི་ ཚོགས་ཡན་ལག་བཞི་པ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ་ཨང་གའི་རྒྱལ་པོ་དང་གཡུལ་སྤྲད་པའི་ཕྱིར་འཕགས་སོ། ། དེ་ནས་ཨང་གའི་རྒྱལ་པོས་རྒྱལ་པོ་པད་མ་ཆེན་པོའི་གླང་པོ་ཆེའི་ཚོགས་ཐམས་ཅད་ཕྲོགས་ཤིང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་ཐམས་ཅད་ཀྱང་ཕྲོགས་སོ། ། རྒྱལ་པོ་པད་མ་ཆེན་པོ་ཡང་ཕམ་པ་དང་། སྐྲག་པ་དང་། བཅོམ་པ་དང་། གཞན་རྒྱལ་བ་དང་། རྒྱབ་ཀྱིས་ཕྱོགས་པར་བྱས་ཏེ། རྒྱལ་པོའི་ཁབ་ཏུ་ཞུགས་ནས་སྒོ་བཅད་དེ། ར་བ་དག་གི་ཁར་སྦྲེངས་ནས་ འདུག་གོ ཨང་གའི་རྒྱལ་པོས་རྒྱལ་པོ་པད་མ་ཆེན་པོ་ལ་ཕོ་ཉ་བཏང་སྟེ། གལ་ཏེ་ཕྱིར་འབྱུང་ན་དེ་ལྟ་ན་ལེགས། གལ་ཏེ་ཕྱིར་མི་འབྱུང་ན་ཇི་སྟེ་སྟེང་གི་ནམ་མཁའ་ལ་འགྲོ་ན་ནི་མདའ་བརྒྱུད་པས་ ཁྱོད་ལྟུང་བར་བྱའོ། །ཇི་སྟེ་སའི་འོག་ཏུ་འགྲོ་ན་ནི་མཆིལ་པ་དང་དྲང་བའི་ཚུལ་གྱིས་དྲང་བར་བྱའོ། །ཇི་སྟེ་རིའི་རྩེ་མོར་འཛེག་ན་ནི་དེར་ཡང་ཁྱོད་ཐར་པ་མེད་དོ་ཞེས་སྤྲིང་ངོ་། །རྒྱལ་པོ་པད་མ་ ཆེན་པོས་ཕྲིན་ཡིག་གླགས་ནས་དེ་མི་བདེ་བར་གྱུར་ཏེ། ལག་པ་ལ་འགྲམ་པ་གཏད་ནས་སེམས་ཁོང་སུ་ཆུད་ཅིང་འདུག་འདུག་ནས་དེས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཨང་གའི་རྒྱལ་པོ་ འདི་ནི་གདུག་པ། ཕ་རོལ་གནོན་པ། དཔུང་དང་མཐུ་ཆེ་བར་གྱུར་ལ། དེས་ཡུ་བུ་ཅག་ལ་འདི་དང་འདི་སྐད་ཅེས་སྤྲིང་ན། དེ་ལ་ཡུ་བུ་ཅག་གིས་ཇི་ལྟར་བསྒྲུབ་པར་བྱ། དེ་དག་གིས་ཚིགས་སུ་བཅད་པ་ སྨྲས་པ། ཡུལ་དང་སྲོག་ལ་གནོད་གྱུར་ན། །སྐྱེས་བུས་ཀུན་དུ་སྲོག་བསྲུང་བྱ། །བློ་ཡིས་གཉིས་ཀ་དཔྱད་བྱས་ན། །ཡུལ་ནི་ཡང་རྙེད་སྲོག་རྣམས་མིན། །ལྷ་རྣམ་པ་ཐམས་ཅད་དུ་སླར་ འབྱུང་བར་བགྱིའོ། །དེ་རལ་གྲི་མགུལ་དུ་ཐོགས་ཏེ་ཕྱིར་བྱུང་བ་དང་། ཨང་གའི་རྒྱལ་པོས་དེ་ལ་ལོ་ཐང་དང་བཅའ་ཕབ་སྟེ་དེ་ཉིད་དུ་བཞག་གོ །གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་ དཔའ་དགའ་ལྡན་གྱི་གནས་ན་བཞུགས་པས་གཟིགས་པ་ལྔ་པོ་དག་ལ་གཟིགས་ནས་འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་དག་ལ་ལན་གསུམ་བསྒོ་བ་མཛད་དེ། གླང་པོ་ཆེ་ལྟར་སྣང་བར་བསྒྱུར་ཏེ། ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ན་ས་ཆེན་པོ་ཤིན་ཏུ་གཡོས་པར་གྱུར་ཅིང་འཇིག་རྟེན་འདི་ཐམས་ཅད་ཀྱང་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཁ་དོག་གི་མཐུ་བས་ལྷག་པའི་སྣང་བ་རྒྱ་ཆེན་པོས་ཁྱབ་ པར་གྱུར་ཅིང་། འཇིག་རྟེན་གྱི་འཇིག་རྟེན་གྱི་བར་གང་ན་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་འདི་གཉིས་ཀྱི་འོད་དག་ཉམས་སུ་མི་མྱོང་བའི་མུན་པ་མུན་གནག་མུན་པར་བྱེད་ པས། གནག་པར་གྱུར་པ་གང་དག་ཡིན་པ་དེ་དག་ཀྱང་དེའི་ཚེ་ན་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ནས། སེམས་ཅན་གང་དག་དེར་སྐྱེས་པ་དག་གིས་རང་གི་ལག་པ་བརྐྱང་བ་ཡང་མི་མཐོང་བ་དེ་དག་གིས་ ཀྱང་འོད་དེས་སེམས་ཅན་གཅིག་གིས་གཅིག་མཐོང་ནས་ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ་ཞེས་ཤེས་པར་གྱུར་ཏོ། །གང་གི་ཚེ་ བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བལྟམས་པ་དེའི་ཚེ་ན་གྲོང་ཁྱེར་ཆེན་པོ་བཞི་པོ་དག་ཏུ་རྒྱལ་པོ་ཆེན་པོ་བཞི་དག་གི་བུ་ཡང་བཙས་པར་གྱུར་ཏེ། རྒྱལ་པོའི་ཁབ་ཏུ་རྒྱལ་པོ་པད་མ་ཆེན་པོའི་བུ་བཙས་སོ། ། མཉན་ཡོད་དུ་ནི་རྒྱལ་པོ་རྩིབས་ཀྱིས་འཕུར་ཚངས་བྱིན་གྱི་བུ་བཙས་སོ། །འཕགས་རྒྱལ་དུ་ནི་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་བཙས་སོ། །ཀཽ་ཤམ་བིར་ནི་རྒྱལ་པོ་དམག་བརྒྱ་པའི་བུ་བཙས་སོ། །བཅོམ་ལྡན་ འདས་བྱང་ཆུབ་སེམས་དཔའ་བལྟམ་པ་ན་འཇིག་རྟེན་ཐམས་ཅད་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཁ་དོག་གི་མཐུ་བས་ལྷག་པའི་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཅིང་འཇིག་རྟེན་གྱི་འཇིག་རྟེན་གྱི་བར་ གང་ན་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་འདི་གཉིས་ཀྱི་འོད་དག་ཉམས་སུ་མི་མྱོང་བའི་མུན་པ་མུན་གནག་མུན་པར་བྱེད་པས་གནག་པར་གྱུར་པ་གང་དག་ཡིན་པ་དེ་དག་ཀྱང་དེའི་ཚེ་ན་ སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ནས། སེམས་ཅན་གང་དག་དེར་སྐྱེས་པ་དག་གིས་རང་གི་ལག་པ་བརྐྱང་བ་ཡང་མི་མཐོང་བ་དེ་དག་གིས་ཀྱང་འོད་དེས་སེམས་ཅན་གཅིག་གིས་གཅིག་མཐོང་ནས་ཤེས་ལྡན་དག་ སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ་ཞེས་ཤེས་པར་གྱུར་ཏོ། །རྒྱལ་པོ་པད་མ་ཆེན་པོས་བསམས་པ། བདག་གི་བུ་བཙས་པ་ན་འཇིག་རྟེན་ཉི་མའི་ གཟུགས་ཤར་བ་ལྟར་སྣང་ཞིང་འདི་བཙུན་མོ་གཟུགས་ཅན་གྱི་བུ་ཡིན་པས་གཞོན་ནུ་འདིའི་མིང་གཟུགས་ཅན་སྙིང་པོར་གདགས་སོ་སྙམ་ནས་བུ་དེའི་མིང་གཟུགས་ཅན་སྙིང་པོ་ཞེས་བྱ་བར་བཏགས་ སོ། །རྒྱལ་པོ་རྩིབས་ཀྱིས་འཕུར་ཚངས་བྱིན་གྱིས་བསམས་པ། བདག་གི་བུ་བཙས་པ་ན་འཇིག་རྟེན་གསལ་བ་གསལ་བ་ལྟར་སྣང་བས་གཞོན་ནུ་འདིའི་མིང་གསལ་རྒྱལ་དུ་གདགས་སོ་སྙམ་ནས་བུ་དེའི་ མིང་གསལ་རྒྱལ་ཞེས་བྱ་བར་བཏགས་སོ། །རྒྱལ་པོ་དམག་བརྒྱ་པས་བསམས་པ། བདག་གི་བུ་བཙས་པ་ན་འཇིག་རྟེན་ཉི་མ་ཤར་བ་ལྟར་སྣང་བར་གྱུར་པས་གཞོན་ནུ་འདིའི་མིང་ཤར་བར་གདགས་སོ་སྙམ་ ནས་བུ་དེའི་མིང་ཤར་བ་ཞེས་བྱ་བར་བཏགས་སོ། །རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱིས་བསམས་པ། བདག་གི་བུ་བཙས་པ་ན་འཇིག་རྟེན་རབ་ཏུ་སྣང་བས་སྣང་བར་གྱུར་པས་གཞོན་ནུ་འདིའི་མིང་རབ་སྣང་ ཞེས་བྱ་བར་གདགས་སོ་སྙམ་ནས་བུ་དེའི་མིང་རབ་སྣང་ཞེས་བྱ་བར་བཏགས་སོ། །རྒྱལ་པོ་རེ་རེས་བསམས་པ་ཡང་བདག་གི་བུ་འདིའི་མཐུ་ཡིན་ནོ། །བདག་གི་བུ་འདིའི་མཐུ་ཡིན་ནོ་སྙམ་མོད་ཀྱི། དེ་ནི་དེ་ལྟ་ མ་ཡིན་ཏེ། འདི་ལྟར་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་མཐུ་ཡིན་པའི་ཕྱིར་རོ། །གང་གི་ཉིན་མོ་གཞོན་ནུ་གཟུགས་ཅན་སྙིང་པོ་བཙས་པ་དེ་ཉིད་ཀྱི་ཉིན་མོ་བློན་པོ་ལྔ་བརྒྱ་དག་གི་བུ་ལྔ་བརྒྱ་ཡང་ བཙས་ཏེ། དེ་དག་ཀྱང་རིགས་དང་མཐུན་པར་མིང་བཏགས་སོ། །གཞོན་ནུ་གཟུགས་ཅན་སྙིང་པོ་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་ མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དོ། །དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་ གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་མྱུར་དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་། གྲངས་དང་། རྩིས་དང་། ལག་རྩིས་ དང་། དབྱུང་བ་དང་། གཞག་པ་དང་། གཞག་པ་ལ་ཉེ་བར་ཞུགས་ནས། དེ་ཡི་གེའི་མཐར་ཕྱིན་ཅིང་འབྱེད་པ་དང་། ཀློག་པ་དང་། མཁས་པ་དང་། སྤྱོད་པ་གསལ་བ་དང་། བརྟག་པ་བརྒྱད་པོ་འདི་ལྟ་ སྟེ། རིན་པོ་ཆེ་བརྟག་པ་དང་། གཞི་བརྟག་པ་དང་། གོས་བརྟག་པ་དང་། ཤིང་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། བུད་མེད་བརྟག་པ་དང་། སྐྱེས་པ་བརྟག་པ་ལ་མཁས་ པར་གྱུར་ཏོ། །རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ལྗོངས་ཀྱི་དབང་ཕྱུག་མཐུ་དང་བརྩོན་འགྲུས་ཐོབ་པ། ས་ཆེན་པོའི་དཀྱིལ་འཁོར་མངོན་པར་རྒྱལ་བར་བྱས་ཏེ་གནས་པ་རྣམས་ཀྱི་བཟོའི་ གནས་དང་། ལས་ཀྱི་གནས་ཐ་དད་པར་གྱུར་པ་གང་དག་ཡིན་པ་འདི་ལྟ་སྟེ། གླང་པོ་ཆེའི་གཉར་བཞོན་པ་དང་། རྟ་བཞོན་པ་དང་། ཤིང་རྟའི་ཐབས་དང་། རལ་གྲིའི་ཐབས་དང་། འཕོང་དང་། ཕྱིར་བསྣུར་ བ་དང་། མདུན་དུ་བསྣུར་བ་དང་། ལྕགས་ཀྱི་བསྒྱུར་ཐབས་དང་། ཞགས་པ་གདབ་པ་དང་། མདའ་བོ་ཆེ་འཕེན་ཐབས་དང་། འཛིན་སྟངས་དང་། གོམ་སྟངས་དང་། ཐོར་ཚུགས་དང་། གཅད་པ་དང་། དྲལ་བ་དང་། དབུག་པ་དང་། གནས་ལྔ་པོ་འདི་ལྟ་སྟེ། རྒྱང་ནས་འཕོག་པ་དང་། སྒྲ་གྲགས་པར་འཕོག་པ་དང་། གནད་དུ་འཕོག་པ་དང་། མི་འཆོར་བར་འཕོག་པ་དང་། ཚབས་ཆེ་བ་དེ་དག་ལ་ཡང་ ཞུགས་ཤིང་བྱང་བར་གྱུར་ཏོ། །བློན་པོའི་བུ་ལྔ་བརྒྱ་པོ་དེ་དག་ཀྱང་བཟོའི་གནས་དང་། ལས་ཀྱི་གནས་དག་ལ་བྱང་བར་གྱུར་ཏོ། །དེ་ཕས་བཟོ་སྦྱང་བ་བཅྭ་བརྒྱད་པོ་དག་ལ་བཅུག་ནས་དེའི་མིང་ བཟོ་སྦྱངས་གཟུགས་ཅན་སྙིང་པོ། །བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཞེས་བྱ་བར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་གཞོན་ནུ་གཟུགས་ཅན་སྙིང་པོ་གླང་པོ་ཆེ་ལ་ཞོན་ཏེ་ལྗོངས་སུ་བྱུང་བ་ དང་། དེས་ཨང་གའི་རྒྱལ་པོའི་ཞོ་ཤས་འཚོ་བ་དག་ལོ་ཐང་དང་དཔྱ་སྡུད་པ་མཐོང་ནས། དེས་སྨྲས་པ། ཤེས་ལྡན་དག་ལོ་ཐང་དང་དཔྱ་སྡུད་པ་འདི་དག་སུའི་ཡིན། དེ་དག་གིས་སྨྲས་པ། ལྷ་ཨང་གའི་ རྒྱལ་པོའི་ལགས་སོ། །དེས་སྨྲས་པ། ཅི་ཡུ་བུ་ཅག་དེ་ལ་ལོ་ཐང་འབུལ་བ་ཡིན་ནམ། དེ་དག་གིས་སྨྲས་པ། ལྷ་ལོ་ཐང་འབུལ་བ་ལགས་སོ། །དེས་སྨྲས་པ། ཤེས་ལྡན་དག་ཞོ་ཤས་འཚོ་བ་ དེ་དག་བོས་ཤིག །དེ་དག་གིས་བོས་པ་དང་། དེས་སྨྲས་པ། ཤེས་ལྡན་དག་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ལ། ངེད་ཀྱང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ ཡིན་ན། ཅིའི་ཕྱིར་ཁྱེད་ཅག་ལོ་ཐང་དང་དཔྱ་སྡུད་པར་བྱེད། དེང་ལ་ཕྱིན་ཆད་ལོ་ཐང་དང་དཔྱ་མ་སྡུད་ཅིག །དེ་དག་གིས་བསམས་པ། གཞོན་ནུ་འདི་ནི་རྒྱུས་མི་ཤེས་པ་ཡིན་པས་བདག་ཅག་རྒྱལ་པོ་པདྨ་ ཆེན་པོའི་གན་དུ་འདོང་ཞིང་སོང་ནས་བསྙད་པར་བྱའོ་སྙམ་ནས། དེ་དག་རྒྱལ་པོ་པད་མ་ཆེན་པོའི་གན་དུ་སོང་སྟེ་ཕྱིན་ནས་སྨྲས་པ། ལྷ་བདག་ཅག་ཨང་གའི་རྒྱལ་པོའི་ཞོ་ཤས་འཚོ་བ་ལོ་ཐང་དང་དཔྱ་སྡུད་ པ་ན་གཞོན་ནུ་གཟུགས་ཅན་སྙིང་པོས་བཀག་ན། ཅི་བསྡུ་བར་འཚལ་ལམ། འོན་ཏེ་སླར་མཆི་བར་འཚལ། དེས་སྨྲས་པ། ཤེས་ལྡན་དག་གཞོན་ནུ་དེ་ནི་རྒྱུས་མི་ཤེས་པ་ཡིན་པས་ཁྱེད་ཅག་སྔོན་ཇི་ལྟར་ ལོ་ཐང་དང་དཔྱ་སྡུད་པ་དེ་བཞིན་དུ་སྡུས་ཤིག །དེ་དག་གིས་ཡང་བསྡུ་བར་བརྩམས་ཏེ། དེ་དག་འོངས་ནས་ཕྱིར་ལྡོག་པ་གཞོན་ནུ་གཟུགས་ཅན་སྙིང་པོས་མཐོང་ནས་སྨྲས་པ། ཤེས་ལྡན་དག་ངས་ ཁྱེད་ལ་ཕྱིན་ཆད་ལོ་ཐང་དང་དཔྱ་མ་སྡུད་ཅིག་ཅེས་མ་བཟློག་གམ། ཅིའི་ཕྱིར་ཡང་ཁྱེད་ལོ་ཐང་དང་དཔྱ་སྡུད། གལ་ཏེ་རེ་ཞིག་འཁོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་འཁོད་ན་མཚམས་ཆེན་པོ་གཅད་པར་ བྱའོ། །དེ་དག་སྐྲག་ནས་བསམས་པ། གཞོན་ནུ་འདི་ནི་གདུག་པ་ཕ་རོལ་གནོན་པ་ཡིན་པས་བདག་ཅག་ལ་གནོད་པ་བྱེད་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་གྱིས། བདག་ཅག་ ཨང་གའི་རྒྱལ་པོའི་གན་དུ་དོང་སྟེ་སྦྲན་པར་བྱའོ་སྙམ་ནས་དེ་དག་ཨང་གའི་རྒྱལ་པོའི་གན་དུ་དོང་སྟེ་ཕྱིན་ནས་སྨྲས་པ། ལྷ་བདག་ཅག་ལྷའི་ཞོ་ཤས་འཚོ་བ་ལགས་ཏེ། བདག་ཅག་ལྷའི་ལོ་ཐང་དང་དཔྱ་ སྡུད་པ་ན་རྒྱལ་པོ་པད་མ་ཆེན་པོའི་བུ་གཞོན་ནུ་གཟུགས་ཅན་སྙིང་པོ་དེས་བཟློག་ལགས་ན། ད་གལ་ཏེ་ལྷས་བཏང་སྙོམས་མཛད་ན་སླད་ཀྱིས་གནོད་པ་ཆེན་པོ་བགྱིད་པར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་ གནས་མཆིས་པར་འགྱུར་རོ། །ཚིགས་སུ་བཅད་པ་ཡང་སྨྲས་པ། ཇི་སྲིད་ཤིང་ནི་གཞོན་པའི་ཚེ། །སེན་མོ་དག་གིས་གཅད་ནུས་པ། །དེ་ཉིད་ཆེན་པོར་སྐྱེས་པ་ན། །སྟ་རེ་བརྒྱས་ཀྱང་གཅད་པར་དཀའ། ། ཨང་གའི་རྒྱལ་པོས་རྒྱལ་པོ་པད་མ་ཆེན་པོ་ལ་གཞོན་ནུ་གཟུགས་ཅན་སྙིང་པོ་མགུལ་པ་ནས་ཐོགས་ལ་ཚུར་བཀྲི་བའམ། ཡང་ན་རྩྭ་དང་ཆས་སྟ་གོན་གྱིས་ཤིག་དང་། ང་ཉིད་འོ་ནིར་འོང་ངོ་ཞེས་ཕྲིན་ཡིག་ སྤྲིང་ངོ་། །རྒྱལ་པོ་པད་མ་ཆེན་པོས་ཕྲིན་ཡིག་གླགས་ནས་དེ་མི་བདེ་བར་གྱུར་ཏེ་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོངས་སུ་ཆུད་ཅིང་འདུག་འདུག་ནས། དེས་གཞོན་ནུ་གཟུགས་ཅན་སྙིང་པོ་བོས་ནས་ སྨྲས་པ། ཅིའི་ཕྱིར་ཁྱོད་ཀྱིས་ཨང་གའི་རྒྱལ་པོའི་ཞོ་ཤས་འཚོ་བ་དག་ལོ་ཐང་དང་དཔྱ་སྡུད་པ་ཟློག །དེས་ཁྲོས་ཏེ་ང་ལ་འདི་དང་འདི་སྐད་ཅེས་སྤྲིང་ངོ་། །དེས་སྨྲས་པ། ལྷ་ཅི་སྐོལ་དེ་ལ་ལོ་ཐང་འབུལ་བ་ ལགས་སམ། བུ་ལོ་ཐང་འབུལ་བ་ཡིན་ནོ། །དེས་སྨྲས་པ། ལྷ་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ལགས་ལ། སྐོལ་ཀྱང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ལགས་ ན། ཅིའི་སླད་དུ་སྐོལ་དེ་ལ་ལོ་ཐང་དང་དཔྱ་འབུལ། ལྷས་བདག་ལ་དཔུང་གི་ཚོགས་ཡན་ལག་བཞི་པ་སྩལ་བ་འབའ་ཞིག་མཛོད་ཅིག་དང་། བདག་གིས་ཨང་གའི་རྒྱལ་པོ་དང་ལྷན་ཅིག་གཡུལ་ངོར་གཡུལ་ སྤྲད་པར་བགྱིའོ། །དེ་ནས་རྒྱལ་པོ་པད་མ་ཆེན་པོས་ཨང་གའི་རྒྱལ་པོ་ལ་ཁྱོད་ཀྱི་མཐུ་དང་། དཔུང་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པ་གང་དག་ཡིན་པ་དེ་དག་ཐམས་ཅད་མ་ཉམས་པར་གྱིས་ཤིག་ ཅེས་ཕྲིན་ཡིག་སྤྲིང་ངོ་། །ཨང་གའི་རྒྱལ་པོས་ཐོས་ནས་མི་བཟོད་པ་སྐྱེས་ཏེ་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་དེའི་ཡུལ་འཁོར་གཞོམ་པར་བྱས། དཔུང་གི་ཚོགས་ཡན་ལག་བཞི་པ་གོ་སྐོན་ཅིག ། དེས་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ་ཡུལ་མ་ག་དྷ་གཞོམ་པར་བརྩམས་པ་དང་། མ་ག་དྷ་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་རྒྱལ་པོ་པད་མ་ཆེན་པོ་ལ་ལྷ་ཨང་གའི་རྒྱལ་པོ་འདི་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ་ཡུལ་མ་ག་དྷ་འཇོམས་པར་བགྱིད་དོ་ཞེས་སྦྲོན་པ་དག་བཏང་ངོ་། །རྒྱལ་པོ་པད་མ་ཆེན་པོས་ཐོས་ནས་དེ་མི་བདེ་བར་གྱུར་ཏེ་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོངས་ སུ་ཆུད་ཅིང་འདུག་འདུག་ནས། དེས་གཞོན་ནུ་གཟུགས་ཅན་སྙིང་པོ་བོས་ཏེ། དེ་ལ་དཔུང་གི་ཚོགས་ཡན་ལག་བཞི་པ་བྱིན་ནོ། །གཞོན་ནུ་གཟུགས་ཅན་སྙིང་པོས་བློན་པོའི་བུ་ལྔ་བརྒྱ་བསྡུས་ཏེ་སྨྲས་པ། ཤེས་ལྡན་དག་ང་ནི་ཨང་གའི་རྒྱལ་པོ་དང་ལྷན་ཅིག་གཡུལ་ངོར་གཡུལ་སྤྲོད་པར་བྱེད་ན་ཤེས་ལྡན་དག་ཅི་བྱེད། དེ་དག་གིས་སྨྲས་པ། གཞོན་ནུ་ཁྱོད་ཀྱི་གནས་སྐབས་གང་ལགས་པ་དེ་བདག་ཅག་གི་ཡང་ལགས་ སོ། །དེས་ཚིགས་སུ་བཅད་པ་སྨྲས་པ། མི་གང་ལ་ནི་ཁྱིམ་དཔལ་གནས། །དེ་ནི་ཀུན་གྱིས་ཡོངས་བསྲུང་བྱ། །དེ་ཉམས་ན་ནི་ཀུན་ཉམས་ཏེ། །ལྟེ་བ་ཆག་པས་རྩིབས་རྣམས་བཞིན། །ད་ཁྱེད་ཀྱིས་ ཀུན་ནས་ཡོངས་སུ་བསྲུང་བར་བྱའོ། །དེ་དག་གིས་སྨྲས་པ། ལྷའི་གནས་སྐབས་གང་ལགས་པ་དེ་བདག་ཅག་གི་ཡང་ལགས་ལ། ལྷའི་ཞབས་གང་ན་བ་དེ་ན་བདག་ཅག་གི་མགོ་མཆིས་སོ། །དེ་ནས་ དེས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ། རྒྱལ་པོའི་ཁབ་ནས་བྱུང་ངོ་། །རྒྱལ་པོ་པད་མ་ཆེན་པོ་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་བློན་པོའི་ཚོགས་ཀྱིས་བསྐོར་ཅིང་འདུག་པ་དེས་དེ་ བྱུང་བ་མཐོང་ནས་དེས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་དམག་འདི་སུའི་ཡིན། དེ་དག་གིས་སྨྲས་པ། ལྷ་གཞོན་ནུ་གཟུགས་ཅན་སྙིང་པོའི་ལགས་སོ། །དེས་སྨྲས་པ། ཤེས་ལྡན་དག་ཨེ་ མ་འདི་དམག་མང་པོ་དང་ལྡན་ནོ་ཞེས་སྨྲས་པས། དེའི་མིང་དམག་ལྡན་གཟུགས་ཅན་སྙིང་པོ། དམག་ལྡན་གཟུགས་ཅན་སྙིང་པོ་ཞེས་བྱ་བར་གྱུར་ཏོ། །དེ་ན་ཁ་ཅིག་གིས་ནི་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཞེས་བྱ་ བར་ཤེས་སོ། །ཁ་ཅིག་གིས་ནི་དམག་ལྡན་གཟུགས་ཅན་སྙིང་པོ་ཞེས་བྱ་བར་ཤེས་སོ། །གཞོན་ནུ་གཟུགས་ཅན་སྙིང་པོས་བློན་པོའི་བུ་ལྔ་བརྒྱ་པོ་དག་ལ་སྨྲས་པ། ཤེས་ལྡན་དག་ཨང་གའི་རྒྱལ་པོ་འདི་ ནི་གདུག་པ་ཕ་རོལ་གནོན་པ་དཔུང་དང་མཐུ་ཆེ་བར་གྱུར་པ་ཡིན་པས་ཡུ་བུ་ཅག་གིས་འདི་དང་ལྷན་ཅིག་གཡུལ་སྤྲད་པར་ནི་མི་ནུས་ཀྱིས། འདི་ལྟར་དེ་བག་ཡངས་སུ་གོ་ཕུད་པའི་ཕྲུ་མ་བརྫི་ཞིང་བཞབས་ ཏེ་གསད་པར་བྱའོ། །དེ་དག་གིས་དེ་བག་ཡངས་སུ་གོ་ཕུད་པའི་ཕྲུ་མ་བརྫིས་ནས་དེ་དག་གིས་ཨང་གའི་རྒྱལ་པོ་བཞབས་ཏེ་བསད་དོ། །ཨང་གའི་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཕྱོགས་ བཞིར་བྱེར་བ་དང་། གཞོན་ནུ་གཟུགས་ཅན་སྙིང་པོས་ཕྱོགས་བཞིར་ཕོ་ཉ་རྟ་པ་དག་བཀྱེ་སྟེ། ཤེས་ལྡན་དག་དེ་ཡང་རྒྱལ་པོ་རྒྱལ་རིགས་སྦྱི་བོར་དབང་བསྐུར་བ་ཡིན་ལ། ངེད་ཀྱང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་ བ་ཡིན་གྱིས་ཕྱིར་ལོག་ཤིག་དང་། ཤེས་ལྡན་དག་ངས་ཤེས་ལྡན་དག་ལ་འཚོ་བའི་རྒྱུ་སྦྱིན་པར་བྱའོ་ཞེས་སྤྲིང་བ་དང་དེ་དག་ཕྱིར་ལོག་གོ །དེ་ནས་ཨང་གའི་རྒྱལ་པོས་གྲོང་ཁྱེར་ཙམ་པ་བསྲུང་བ་བཞག་ པ་དེས་ཨང་གའི་རྒྱལ་པོ་ཇི་ལྟར་བསད་པ་ཐོས་ནས་དེས་སྒོ་བཅད་དེ་ར་བ་དག་གི་ཁར་སྦྲེངས་ནས་འདུག་གོ །གཞོན་ནུ་གཟུགས་ཅན་སྙིང་པོ་ཡང་མཐར་གྱིས་གྲོང་ཁྱེར་ཙམ་པར་ཕྱིན་ནས་དེས་ཤིང་རིང་པོ་ལ་ ཨང་གའི་རྒྱལ་པོའི་མགོ་བཏགས་ཏེ་བསྟན་ནས་སྨྲས་པ། ངས་ཁྱོད་ཀྱི་ཇོ་བོ་གང་ཡིན་པ་དེ་གནས་སྐབས་འདི་ལྟ་བུར་བྱས་ཀྱིས། གལ་ཏེ་ཇེ་ཕྱིར་འབྱུང་ན་དེ་ལྟ་ན་ལེགས། གལ་ཏེ་ཕྱིར་མི་འབྱུང་ ན་ཁྱོད་ཀྱང་གནས་སྐབས་འདི་ལྟ་བུར་བྱས་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །དེས་ཐོས་ནས་མི་བདེ་བར་གྱུར་ཏེ། དེས་བསམས་པ། ཡུལ་དང་སྲོག་ལ་གནོད་གྱུར་ན། ། སྐྱེས་བུས་ཀུན་དུ་སྲོག་བསྲུང་བྱ། །བློ་ཡིས་གཉིས་ཀ་དཔྱད་བྱས་ན། །ཡུལ་ནི་ཡང་རྙེད་སྲོག་རྣམས་མིན། །སྙམ་ནས་དེ་རལ་གྲི་མགུལ་དུ་ཐོགས་ཏེ་ཕྱིར་བྱུང་ངོ་། །དེ་ན་གཞོན་ནུ་གཟུགས་ཅན་ སྙིང་པོས་ཨང་གའི་རྒྱལ་པོ་བསད་དེ་གྲོང་ཁྱེར་ཙམ་པ་རང་གི་ལག་ཏུ་ཐོབ་ནས་དེས་རྒྱལ་པོ་པད་མ་ཆེན་པོ་ལ་ལྷ་བདག་གིས་ཨང་གའི་རྒྱལ་པོ་བཀུམ་སྟེ་གྲོང་ཁྱེར་ཙམ་པ་རང་གི་སུག་པར་ ཐོབ་ལགས་ན། ལྷ་ཡོངས་སུ་མ་གྲུབ་པ་གཞན་ཅི་མཆིས་བཀའ་སྩོལ་ཅིག་དང་ཡོངས་སུ་བསྒྲུབ་པར་བགྱིའོ་ཞེས་ཕྲིན་ཡིག་སྤྲིང་ངོ་། །དེ་མགུ་ནས་དེས་དེ་ལ་གདུགས་དང་། ཅོད་པན་དང་། ཐོད་བསྐུར་ཏེ། བུ་ཁྱོད་ཀྱིས་འོ་ནི་ཉིད་དུ་རྒྱལ་སྲིད་བྱེད་དུ་ཆུག་ཤིག །ངས་ཀྱང་འདི་ཉིད་དུ་རྒྱལ་སྲིད་བྱེད་དུ་གཞུག་གོ་ཞེས་སྤྲིང་ངོ་། །དེ་ནས་གཞོན་ནུ་གཟུགས་ཅན་སྙིང་པོས་ཡུལ་ཨང་ག་དག་ཏུ་རྒྱལ་སྲིད་འབྱོར་པ་རྒྱས་ པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་བྱེད་དུ་བཅུག་གོ། དུས་གཞན་ཞིག་ན་རྒྱལ་པོ་པད་མ་ཆེན་པོ་དུས་ལ་བབ་ནས་རྒྱལ་པོའི་ཁབ་ཀྱི་བློན་པོ་རྣམས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ ལ་ལྷ་ཁྱོད་ཀྱི་ཡབ་དུས་ལ་བབ་བོ་ཞེས་སྤྲིང་ནས། དེ་ཨང་ག་དང་མ་ག་དྷ་པའི་བློན་པོ་རྣམས་ཀྱིས་རྒྱལ་སྲིད་ལ་དབང་བསྐུར་བ་ཆེན་པོས་དབང་བསྐུར་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་ ཡུལ་ཨང་ག་དང་མ་ག་དྷ་དག་ཏུ་རྒྱལ་སྲིད་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། ཐབ་མོ་དང་། ཐ་བ་དང་། ཕྱི་དགྲ་དང་། ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་ དང་། མུ་གེ་དང་། ནད་དང་བྲལ་བ། ས་ལུ་དང་། བུ་རམ་ཤིང་གི་ཕྲེང་བ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་སྟེ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོས་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་གོ ། དེ་ནས་བྲམ་ཟེའི་ཁྱེའུ་གསང་ཚིག་འདོད་པ་གསང་ཚིག་ཚོལ་བ་ཞིག་ཡུལ་དབུས་ནས་ལྷོ་ཕྱོགས་སུ་སོང་ངོ་། །དེ་ན་བྲམ་ཟེ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་དུ་སོན་པ་ཡུལ་ཐ་དད་པ་ན་ གནས་པའི་བྲམ་ཟེ་རྣམས་ཀྱི་སྟོན་པར་གྱུར་པ་ཞིག་འདུག་ནས། བྲམ་ཟེའི་ཁྱེའུ་དེ་བྲམ་ཟེ་དེའི་དྲུང་དུ་སོང་སྟེ་ཕྱིན་ནས་ཞི་བ་དང་སྤྱོད་ལམ་ཞི་བས་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བྲམ་ཟེ་དེས་བྲམ་ཟེའི་ཁྱེའུ་དེ་ལ་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་ཀུན་དུ་སྤྱད་ནས་སྨྲས་པ། ཀྱེ་བྲམ་ཟེའི་ཁྱེའུ་ཁྱོད་ག་ལས་འོངས་ཅི་ཞིག་འདོད། བྲམ་ཟེའི་ཁྱེའུས་སྨྲས་པ། བདག་ཡུལ་དབུས་ནས་མཆིས་ཏེ། མཁན་པོའི་ཞབས་ལ་སྲི་ཞུ་བགྱིད་པར་འཚལ་ལོ། །ཅི་ཞིག་གི་ཕྱིར། རིག་བྱེད་བཀླག་པའི་སླད་དུའོ། །བུ་ལེགས་ཀྱིས་དེ་བཞིན་དུ་གྱིས་ཤིག །དེ་ནི་བྲམ་ཟེས་བྱ་བ་ཡིན་ནོ། ། བྲམ་ཟེའི་ཁྱེའུ་དེས་བྲམ་ཟེ་དེའི་དྲུང་དུ་རིག་བྱེད་བཀླག་པར་བྱ་བར་བརྩམས་སོ། །བྲམ་ཟེའི་ཁྱེའུ་རྣམས་ཀྱི་ཀུན་དུ་སྤྱོད་པ་ནི་འདི་ཡིན་ཏེ། གང་གི་ཚེ་མི་ཀློག་པར་གྱུར་པ་དེའི་ཚེ་ན་ལན་འགའ་ནི་ཆུ་ངོགས་སུ་ཉེ་ རེག་བྱེད་དུ་འདོང་ངོ་། །ལན་འགའ་ནི་གྲོང་ཁྱེར་ལྟར་འདོང་ངོ་། །ལན་འགའ་ནི་ཡམ་སྲེག་ཤིང་ཐུར་འདོང་ངོ། །ཇི་ཙམ་དུས་གཞན་ཞིག་ན་དེ་དག་མི་ཀློག་པར་གྱུར་ནས་དེའི་ཚེ་དེ་དག་ཡམ་སྲེག་ཤིང་ཐུར་དོང་བ་ དང་། དེ་དག་ལ་ལམ་གྱི་བར་དུ་བར་སྐབས་ཀྱི་གཏམ་བརྗོད་པ་འདི་ལྟ་བུ་འདི་བྱུང་སྟེ། ཀྱེ་ཀུད་སའི་བུ་དག །བད་སའི་བུ་དག །ཤན་དི་ལིའི་བུ་དག །བ་ར་དྭ་ཛའི་བུ་དག །ལྔ་པའི་བུ་དག །ཉེ་ལྔའི་བུ་དག ། ཇེ་ཁྱེད་ཅག་ལས་གང་ནི་ཡུལ་ག་ལས་འོངས་པ་དྲི་བར་བྱའོ། །དེ་ན་བྲམ་ཟེའི་ཁྱེའུ་གཅིག་གིས་སྨྲས་པ། ཁོ་བོ་ནི་ཡུལ་ཤར་ནས་སོ། །གཞན་ཞིག་གིས་སྨྲས་པ། ཁོ་བོ་ནི་ལྷོ་ཕྱོགས་ནས་སོ། ། ཡང་གཞན་ཞིག་གིས་སྨྲས་པ། ཁོ་བོ་ནི་ནུབ་ཕྱོགས་ནས་སོ། །ཡང་གཞན་ཞིག་གིས་སྨྲས་པ། ཁོ་བོ་ནི་བྱང་ཕྱོགས་ནས་སོ། །བྲམ་ཟེའི་ཁྱེའུ་དེས་སྨྲས་པ། ཁོ་བོ་ནི་ཡུལ་དབུས་ནས་སོ། །དེ་དག་ གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་གིས་ཡུལ་ཐམས་ཅད་མཐོང་ཞིང་ཐོས་ན་ཡུལ་དབུས་ནི་མ་མཐོང་མ་ཐོས་སོ། །ཤར་ན་བློ་ཅན་གནས་པ་སྟེ། །ལྷོ་ཕྱོགས་ན་ནི་གཡོན་བྱེད་འདུག ། ནུབ་ཀྱི་ཡུལ་ན་ཕྲ་མ་ཅན། །བྱང་ཕྱོགས་ན་ནི་ཚིག་རྩུབ་པོ། །ཞེས་ཚིགས་སུ་བཅད་པ་ཡང་སྨྲས་སོ། །དེ་ནས་དྲིས་པ། བྲམ་ཟེའི་ཁྱེའུ་ཡུལ་དབུས་ཅི་འདྲ། ཤེས་ལྡན་དག་ཡུལ་དབུས་ནི་ཡུལ་རྣམས་ཀྱི་ མཆོག་ཡིན་ཏེ། ས་ལུ་དང་། བུ་རམ་ཤིང་གི་ཕྲེང་བ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ། སློངས་མོ་པ་བརྒྱས་ཁྱབ་པ། དབུས་པའི་སྐྱེ་བོས་གང་བ། མཐའ་འཁོབ་པའི་སྐྱེ་བོས་སྤངས་པ་ སྐྱེ་བོ་མཁས་པས་བསྟེན་པ། དེ་ན་ཆུ་ཀླུང་གང་གཱ་ཁ་རྗེ་དང་། བསོད་ནམས་དང་། བཀྲ་ཤིས་དང་། གཙང་བ་དང་། གཙང་བ་ཉིད་ཀྱི་གནས་སུ་གྲགས་པ། འགྲམ་གཉིས་ནས་རླན་འཕྱོ་བ། དྲང་སྲོང་རྣམ་ ཀྱི་བསྟི་གནས་ཞེས་བྱ་བ་ཆུ་དགུར་བཅྭ་བརྒྱད་འབབ་པ་ཡོད་དེ། དེར་དྲང་སྲོང་རྣམས་ཀྱིས་དཀའ་ཐུབ་སྤྱད་ན་རང་གི་ལུས་ཉིད་ཀྱིས་མཐོ་རིས་སུ་འདོང་བ་ཡིན་ནོ། །ཀྱེ་བྲམ་ཟེའི་ཁྱེའུ་དེ་ནི་མཇལ་གྱིས་ གཞན་འདི་འདྲིའོ། །ཡུལ་དབུས་ན་མཁས་པར་བགྲང་བ་དག་ཡོད་དམ། ཤེས་ལྡན་དག་ཁོ་བོས་དང་པོ་ཉིད་ནས་ཤེས་ལྡན་དག་ཡུལ་དབུས་ནི་དབུས་པའི་སྐྱེ་བོས་གང་བ། མཐའ་འཁོབ་ པའི་སྐྱེ་བོས་སྤངས་པ། སྐྱེ་བོ་མཁས་པས་བསྟེན་པའོ་ཞེས་མ་སྨྲས་སམ། བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་དེ་སྐད་སྨྲས་སོ། །བྲམ་ཟེའི་ཁྱེའུ་ཡུལ་དབུས་ན་འདི་ལྟ་སྟེ་དཔེར་ན་བདག་ཅག་གི་ མཁན་པོ་དང་འདྲ་བ་སྨྲ་བའི་ཁྱུ་མཆོག་དེ་ལྟ་བུ་དག་ཡོད་དམ། ཤེས་ལྡན་དག་ཡུལ་དབུས་ན་བདག་ཅག་གི་མཁན་པོས་གང་དག་གི་གདོང་དུ་ལྟ་བར་ཡང་མི་ནུས་པ། སྙན་པར་སྨྲ་བ། སྨྲ་བའི་ ཁྱུ་མཆོག་དེ་ལྟ་བུ་དག་ཡོད་དོ། །བྲམ་ཟེའི་ཁྱེའུ་དེས་དེ་དག་ལ་དེ་ལྟ་དེ་ལྟར་ཡུལ་དབུས་ཀྱི་བསྔགས་པ་བརྗོད་པ་དང་། འདི་ལྟར་དེ་དག་ཐམས་ཅད་ཡུལ་དབུས་སུ་འདོང་འདོད་པར་གྱུར་ཏོ། ། དེ་ནས་བྲམ་ཟེའི་ཁྱེའུ་དེ་དག་ཡམ་སྲེག་ཤིང་དག་བཙལ་ཏེ། ཡམ་སྲེག་ཤིང་གི་ཁུར་ཐོགས་ནས་བྲམ་ཟེའི་ཁྱིམ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ཡམ་སྲེག་ཤིང་གི་ཁུར་དག་མཐའ་གཅིག་ཏུ་བཞག་སྟེ་ བྲམ་ཟེ་དེ་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །མཁན་པོ་མཁྱེན་པར་མཛོད་ཅིག །བྲམ་ཟེའི་ཁྱེའུ་འདིས་ཅི་ནས་ཀྱང་བདག་ཅག་ཐམས་ཅད་ཡུལ་དབུས་སུ་མཆི་འཚལ་ བར་གྱུར་པ་དེ་ལྟར་ཡུལ་དབུས་ཀྱི་བསྔགས་པ་བརྗོད་དོ། །བྲམ་ཟེ་དེས་སྨྲས་པ། བུ་དག་ཇི་སྙེད་ཐོས་པ་དེ་སྙེད་བགྲོད་པར་བྱ་བ་ཡིན་ནམ། འདི་ལྟར་ཡུལ་དག་ནི་ཐོས་ན་དགའ་བར་འགྱུར་བ་ཡིན་པས་མཉན་པར་བྱའི་ བགྲོད་པར་ནི་མི་བྱའོ། །མཁན་པོ་བྲམ་ཟེའི་ཁྱེའུ་འདིའི་མཆིད་ནས་ཡུལ་དབུས་ན་བདག་ཅག་གི་མཁན་པོས་གང་དག་གི་གདོང་དུ་ལྟ་བར་ཡང་མི་ནུས་པ། སྙན་པར་སྨྲ་བ། སྨྲ་བའི་ཁྱུ་མཆོག་དེ་ལྟ་བུ་དག་ མཆིས་སོ་ཞེས་མཆིའོ། །བུ་དག་ཅི་ཁོ་བོ་ན་རེ་སའི་སྟེང་ན་ཁོ་བོ་གཅིག་པུ་ཁོ་ན་སྨྲ་བ་ཡིན་གྱི། སྨྲ་བ་གཞན་འགའ་ཡང་མེད་དོ་ཞེས་ཟེར་རམ། ས་ནི་རིན་པོ་ཆེ་མང་པོ་འཛིན་པ་ཡིན་པས་ས་གཞི་ནི་མཛེས་པ་མཛེས་པ་ དག་གིས་གང་བ་ཡིན་ནོ། །མཁན་པོ་རེ་ཞིག་ཡུལ་དེ་ཡང་མཐོང་བར་འགྱུར་ཞིང་ཆུ་ངོགས་སུ་ཉེ་རེག་ཀྱང་བགྱི། སྨྲ་བའི་ཁྱུ་མཆོག་དེ་དག་ལ་ཡང་བསྙེན་བཀུར་བགྱི། རྒོལ་བ་དག་ཀྱང་ཚར་གཅད་པར་བགྱི། རང་གི་གྲགས་ པ་ཡང་བསྒྲག་པར་བགྱི། རྙེད་པ་ཡང་བསྒྲུབ་པར་བགྱི། བདག་ཅག་ཡུལ་དབུས་སུ་མཆིའོ། །བྲམ་ཟེ་དེ་སློབ་མ་ལ་རྗེས་སུ་ཆགས་པ་དང་བཅས་པ་དང་། འཁོར་ཉུང་བ་ཡིན་པས་དེས་བྲམ་ཟེའི་ཁྱེའུ་དེ་དག་ལ་འདི་སྐད་ ཅེས་སྨྲས་སོ། །བུ་དག་གལ་ཏེ་དེ་ལྟ་ན་གཡང་གཞི་དག་དང་། ཤིང་ཤུན་དག་དང་། དབྱུ་གུ་དག་དང་། བླུགས་གཟར་དག་དང་། དགང་གཟར་དག་དང་། རིལ་བ་དག་ལོང་ཞིག་དང་ཡུལ་དབུས་སུ་འདོང་ངོ་། །དེ་དག་གིས་ དེ་དག་བླངས་ནས་བྲམ་ཟེ་དེ་བྲམ་ཟེའི་ཁྱེའུ་དེ་དག་དང་ལྷན་ཅིག་ཡུལ་དབུས་སུ་འཕགས་པ་དང་། དེས་རྒོལ་བ་ཁ་ཅིག་ནི་ཚར་བཅད་དེ་རྒོལ་བའི་ཤིང་རྟ་ལ་སྦྱོར་བར་བྱེད། ཁ་ཅིག་ནི་མགོར་ཐལ་བའི་བུམ་པ་དག་གིས་བསྣུན། ཁ་ཅིག་ནི་འཕོང་གི་དཔོང་སར་ཁྭ་བཞིན་དུ་ཐག་རིང་པོ་ནས་ཡོངས་སུ་སྤོང་བར་བྱེད། ཁ་ཅིག་ནི་གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསུ་བར་བྱེད། ཁ་ཅིག་ནི་སློབ་མ་ཉིད་དུ་ཁས་ལེན་པར་བྱེད་ཅིང་དེ་མཐར་གྱི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། དབྱེ་ཚོངས་དང་། ཚོང་རྡལ་དག་ཏུ་རྒོལ་བ་འདུལ་ཞིང་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །བྲམ་ཟེ་དེས་བསམས་པ། བདག་གིས་ཅིའི་ཕྱིར་རྩ་བ་སྤངས་ཏེ་ཡལ་ག་དང་། འདབ་མ་དང་། ལོ་མ་ལ་ ཉུག་པར་བྱ། རྒོལ་བ་གང་དག་དང་། མཁས་པར་བགྲང་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རྒྱལ་པོ་དང་ཉེ་བ་ཡིན་གྱིས། བདག་ཀྱང་རྒྱལ་པོའི་གན་དུ་འགྲོའོ་སྙམ་ནས་བྲམ་ཟེ་དེ་རྒྱལ་པོ་གཟུགས་ཅན་སྙིང་ པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་རྒྱལ་བ་དང་ཚེ་སྤེལ་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་འདི་སྐད་ཅེས་སྨྲས་ སོ། །ལྷ་བདག་ལ་བླ་མ་ལས་ཡི་གེ་ཉུང་ཤས་ཤིག་བླངས་པ་མཆིས་ཏེ། དེའི་སླད་དུ་ལྷའི་སྤྱན་སྔར་རྒོལ་བ་དག་དང་ལྷན་ཅིག་བཀའ་མཆིད་རྣམ་པར་གཏན་ལ་དབབ་པར་འཚལ་ལོ། །རྒྱལ་པོས་བློན་པོ་རྣམས་ ལ་སྨྲས་པ། ཤེས་ལྡན་དག་ངའི་ཡུལ་ན་བྲམ་ཟེ་འདི་དང་ལྷན་ཅིག་གཏམ་རྣམ་པར་གཏན་ལ་འབེབས་པར་བྱེད་པའི་རྒོལ་བ་འགའ་ཡོད་དམ། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་གྲོང་ན་ལ་ད་ན་བྲམ་ཟེ་གནས་ལེན་གྱི་བུ་ ཞེས་བགྱི་བ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་ཏུ་མཆིས་པ་ཞུགས་ལྟ་བུའི་ཤེས་པས་རང་གི་སྨྲ་བ་གསལ་བར་བགྱིད། གཞན་གྱི་སྨྲ་བ་ཚར་གཅོད་པར་རྔོ་ཐོག་པ་ཞིག་མཆིས་ཏེ། དེས་བསྟན་བཅོས་ གནས་ལེན་གྱི་བུ་ཞེས་བགྱི་བ་ཉེ་བར་སྦྱར་ཏོ། །མཁན་པོ་གནས་ལེན་གྱི་བུ་དེ་བོས་ཤིག །ལྷ་བོད་པར་བགྱིའོ་ཞེས་དེ་དག་གིས་དེ་བོས་ནས་དེ་རྒྱལ་པོ་གཟུགས་ཅན་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་ གཟུགས་ཅན་སྙིང་པོ་ལ་རྒྱལ་བ་དང་ཚེ་སྤེལ་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་པ་དང་། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་མཁན་པོ་དེ་འདི་ལགས་སོ། །རྒྱལ་པོས་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་ཀུན་དུ་སྤྱད་ དེ་སྨྲས་པ། མཁན་པོ་ཁྱོད་ཁོ་བོའི་མདུན་དུ་བྲམ་ཟེ་འདི་དང་ལྷན་ཅིག་གཏམ་རྣམ་པར་གཏན་ལ་དབབ་པར་བྱེད་ནུས་སམ། གནས་ལེན་གྱི་བུས་སྨྲས་པ། བདག་གིས་རྔོ་ཐོག་པས་རྒྱལ་པོ་དགྱེས་པར་བགྱིའོ། ། རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་རྒོལ་བའི་དཀྱིལ་འཁོར་ཤོམས་ཤིག །ཕྱོགས་དང་གཞན་གྱི་ཕྱོགས་དག་རྣམ་པར་ཞོག་ཤིག །བློན་པོ་རྣམས་ཀྱིས་རྒོལ་བའི་དཀྱིལ་འཁོར་བཤམས་ ཤིང་ཕྱོགས་དང་གཞན་གྱི་ཕྱོགས་དག་རྣམ་པར་བཞག་གོ །དེ་ནས་བློན་པོ་རྣམ་ཀྱིས་རྒྱལ་པོའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨྲས་པ། ལྷ་ཕྱོགས་སྔ་མ་གང་བགྱིད་དུ་སྩལ། རྒྱལ་པོས་སྨྲས་པ། བྲམ་ཟེ་འདི་འགྲོན་པ་ཡིན་གྱིས་འདི་ཕྱོགས་སྔ་མ་བྱེད་དུ་ཆུག་ཤིག །བྲམ་ཟེ་དེ་ཕྱོགས་སྔ་མ་བྱེད་དུ་བཅུག་ནས་དེས་རྒྱུད་ཆགས་ལྔ་བརྒྱ་བཟླས་སོ། །གནས་ལེན་གྱི་བུས་ཕྱིར་བཟླས་ཏེ། ཁྱོད་ཀྱི་འདི་ནི་རིགས་ པ་མེད་པ་ཡིན་ནོ། །འདི་ནི་མི་མཐུན་པ་ཡིན་ནོ། །འདི་ནི་མི་འཐད་པ་ཡིན་ནོ་ཞེས་སྐྱོན་བཏགས་པ་དང་བྲམ་ཟེ་དེ་ཅང་མི་སྨྲ་བར་འདུག་གོ །ཚར་གཅད་པའི་གནས་རྣམས་ཀྱི་ནང་ན་འདི་ལྟ་སྟེ་ལན་ལ་སྦོབས་པ་མེད་ པ་འདི་ནི་ཐ་ཆད་ཡིན་ནོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་སུ་རྒྱལ། ལྷ་མཁན་པོ་གནས་ལེན་གྱི་བུའོ། །དེ་ནས་རྒྱལ་པོ་ཡིད་དགའ་ཞིང་ཡིད་དགའ་ནས་རོ་སྟོད་བསྲང་སྟེ་ ལག་པ་གཡས་པ་བརྐྱང་ནས་བདག་གི་ཡུལ་ན་སྨྲ་བའི་ཁྱུ་མཆོག་འདི་ལྟ་བུ་དག་ཡོད་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ནས་སྨྲས་པ། མཁན་པོ་ཁྱོད་གནས་གང་ན་གནས། གནས་ལེན་གྱི་བུས་སྨྲས་པ། ལྷ་གྲོང་ན་ལ་ད་ནའོ། །ཁྱོད་སོང་ལ་གྲོང་དེ་ཁྱོད་ཀྱིས་རྒོལ་བའི་ལོངས་སྤྱོད་གྱིས་ཤིག །གནས་ལེན་གྱི་བུ་རངས་པ་དང་དགའ་བ་དང་མཆོག་ཏུ་དགའ་བར་གྱུར་ནས་སྐྱེ་བོ་མཁས་པ་ རྣམས་ཀྱིས་ཡོངས་སུ་བསྐོར་ཏེ། གྲོང་དེར་སོང་ངོ་། །འཇིག་རྟེན་ནི་འབྱོར་བ་འདོད་ཅིང་རྒུད་པ་ལ་མ་དད་པ་ཡིན་པས་དེ་ལ་བྲམ་ཟེ་དུ་མ་ཞིག་གིས་བུ་མོ་ཆུང་མར་ལེན་དུ་བཅུག་པ་དང་། དེ་ནས་གནས་ལེན་གྱི་བུ་དེས་རིགས་ མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་བུ་རོ་སྟོད་རིང་བ་རིང་ བ་ཞིག་བཙས་ནས་དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ཏེ། ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཉེ་དུ་རྣམས་ ཀྱིས་སྨྲས་པ། ཁྱེའུ་འདི་རོ་སྟོད་རིང་བ་རིང་བར་གྱུར་པས་ཁྱེའུ་འདིའི་མིང་སྟོད་རིངས་སུ་གདགས་སོ་ཞེས་དེའི་མིང་སྟོད་རིངས་སུ་བཏགས་སོ། །བྲམ་ཟེའི་ཁྱེའུ་སྟོད་རིངས་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་ གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དོ། །དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་མྱུར་དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ ཡི་གེ་དང་། གྲངས་དང་། རྩིས་དང་། ལག་རྩིས་དང་། དབྱུང་བ་དང་། གཞུག་པ་དང་། གཞག་པ་དང་། འབྱེད་པ་དང་། ཀློག་པའི་ཕ་རོལ་ཏུ་སོན་ཅིང་། དེའི་ཚེ་ན་བྲམ་ཟེའི་སྤྱོད་ཚུལ་དང་། སྤྱོད་པ་དང་། གཙང་སྦྲ་ དང་། ཀུན་ཏུ་སྤྱོད་པ་དང་། ཐལ་བ་བླང་བ་དང་། བྱ་མ་བུམ་བླང་བ་དང་། ས་བླང་བ་དང་། ལག་སྟངས་དང་། ཐོར་ཚུགས་དང་། རབ་བསྔགས་བྱ་བ་དང་། ཀྱེ་ཞེས་བྱ་བ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་ རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་བསྲུང་གི་རིག་བྱེད་དང་། བྲམ་ཟེའི་ལས་དྲུག་པོ་མཆོད་སྦྱིན་བྱེད་པ་དང་། མཆོད་སྦྱིན་བྱེད་དུ་འཇུག་པ་དང་། ཀློག་པ་དང་། ཀློག་ཏུ་འཇུག་པ་དང་། སྦྱིན་པ་དང་། ལེན་པ་ལ་ མཁས་པའི་བྲམ་ཟེ་རིག་བྱེད་དང་། རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་ཏུ་སོན་པ་མེ་ལྟ་བུའི་ཤེས་པས་རང་གི་སྨྲ་བ་གསལ་བར་བྱེད་པ། གཞན་གྱི་སྨྲ་བ་ཚར་གཅོད་པར་བྱེད་ནུས་པར་གྱུར་ཏོ། །ཡང་དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པའི་ཆུང་མ་ལ་བུ་མོ་མིག་གཉིས་བྱ་ཤ་རི་ཀ་འདྲ་བ་ཞིག་བཙས་ནས་དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་ སྟོན་རྒྱ་ཆེར་བྱས་ཏེ། བུ་མོའི་མིང་ཅིར་གདགས་ཤེས་མིང་འདོགས་པར་བྱེད་དོ། །ཉེ་དུ་རྣམས་ཀྱིས་སྨྲས་པ། བུ་མོ་འདིའི་མིག་གཉིས་བྱ་ཤ་རི་ཀ་འདྲ་བས་བུ་མོ་འདིའི་མིང་ཤ་རི་ཀར་གདགས་སོ་ཞེས་དེའི་ མིང་ཤ་རི་ཀར་བཏགས་སོ། །བུ་མོ་ཤ་རི་ཀ་བསྲིངས་ཤིང་བསྐྱེད་དེ་ཆེན་མོར་གྱུར་ཏོ། །དེས་ཡིག་འབྲུའི་ཡི་གེ་ལ་ཉེ་བར་སྦྱར་ནས་དེས་ཡིག་འབྲུའི་ཡི་གེ་དག་ལོབས་སོ། །དུས་གཞན་ཞིག་ན་བྲམ་ཟེའི་ ཁྱེའུ་སྟོད་རིངས་ཤ་རི་ཀ་དང་ལྷན་ཅིག་འགྱེད་པར་བྱེད་པ་ན་ཤ་རི་ཀས་དེ་ཚར་བཅད་ནས། ཕས་སྟོད་རིངས་ལ་སྨྲས་པ། བུ་ཁྱོད་སྐྱེས་པ་ཡིན་ན་བུད་མེད་ཀྱིས་ཚར་བཅད་དམ། ང་འདས་ནས་རྒོལ་བའི་ ལོངས་སྤྱོད་དག་ཕྲོགས་པར་འགྱུར་རོ། །དེ་ནས་ཡང་བྲམ་ཟེའི་ཁྱེའུ་གསང་ཚིག་འདོད་པ་གསང་ཚིག་ཚོལ་བ་ཞིག་ཡུལ་དབུས་ནས་ལྷོ་ཕྱོགས་སུ་སོང་ངོ་། །དེ་ན་བྲམ་ཟེ་སྐར་རྒྱལ་ཞེས་བྱ་བ་འཇིག་རྟེན་རྒྱང་པན་ ལ་མཁས་པ། རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་ཏུ་སོན་པ་ཡུལ་ཐ་དད་པ་ན་གནས་པའི་བྲམ་ཟེ་རྣམས་ཀྱི་སྟོན་པར་གྱུར་པ་ཞིག་འདུག་ནས། བྲམ་ཟེའི་ཁྱེའུ་དེ་བྲམ་ཟེ་དེའི་དྲུང་དུ་སོང་སྟེ་ཕྱིན་ནས། ཞི་བ་དང་སྤྱོད་ལམ་ཞི་བས་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བྲམ་ཟེ་སྐར་རྒྱལ་གྱིས་བྲམ་ཟེའི་ཁྱེའུ་དེ་ལ་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་ཀུན་ཏུ་སྤྱད་ནས་སྨྲས་ པ། ཀྱེ་བྲམ་ཟེའི་ཁྱེའུ་ཁྱོད་ག་ལས་འོངས་པ་ཅི་ཞིག་འདོད། བྲམ་ཟེའི་ཁྱེའུས་སྨྲས་པ། བདག་ཡུལ་དབུས་ནས་མཆིས་ཏེ། མཁན་པོའི་ཞབས་ལ་སྲི་ཞུ་བགྱིད་པར་འཚལ་ལོ། །ཅི་ཞིག་གི་ཕྱིར། འཇིག་ རྟེན་རྒྱང་པན་གཟུང་བའི་སླད་དུའོ། །བྲམ་ཟེའི་ཁྱེའུ་ལེགས་ཀྱིས་དེ་བཞིན་གྱིས་ཤིག །དེ་ནི་བྲམ་ཟེས་བྱ་བ་ཡིན་ནོ། །བྲམ་ཟེའི་ཁྱེའུ་དེས་བྲམ་ཟེ་སྐར་རྒྱལ་གྱི་དྲུང་དུ་འཇིག་རྟེན་རྒྱང་པན་གཟུང་བར་བརྩམས་སོ། ། བྲམ་ཟེའི་ཁྱེའུ་རྣམས་ཀྱི་ཀུན་དུ་སྤྱོད་པ་ནི་འདི་ཡིན་ཏེ། གང་གི་ཚེ་མི་ཀློག་པར་གྱུར་པ་དེའི་ཚེ་ན་ལན་འགའ་ནི་ཆུའི་ངོགས་སུ་ཉེ་རེག་བྱེད་དུ་འདོང་ངོ་། །ལན་འགའ་ནི་གྲོང་ཁྱེར་ལྟར་འདོང་ངོ་། ལན་འགའ་ ནི་ཡམ་སྲེག་ཤིང་ཐུར་འདོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་དེ་དག་མི་ཀློག་པར་གྱུར་ནས་དེའི་ཚེ་དེ་དག་ཡམ་སྲེག་ཤིང་ཐུར་དོང་བ་དང་། དེ་དག་ལ་ལམ་གྱི་བར་དུ་བར་སྐབས་ཀྱི་གཏམ་བརྗོད་པ་འདི་ལྟ་བུ་འདི་ དག་བྱུང་སྟེ། ཀྱེ་ཀུད་སའི་བུ་དག །བད་སའི་བུ་དག །ཤན་དི་ལའི་བུ་དག །བ་ར་དྭ་ཛའི་བུ་དག །ལྔ་པའི་བུ་དག །ཉེ་ལྔ་པའི་བུ་དག་ཇེ་ཁྱེད་ཅག་ལས་གང་ནི་ཡུལ་ག་ལས་འོངས་པ་དྲི་བར་བྱའོ། ། དེ་ན་བྲམ་ཟེའི་ཁྱེའུ་གཅིག་གིས་སྨྲས་པ། ཁོ་བོ་ནི་ཡུལ་ཤར་ནས་སོ། །གཞན་ཞིག་གིས་སྨྲས་པ། ཁོ་བོ་ནི་ལྷོ་ཕྱོགས་ནས་སོ། །ཡང་གཞན་ཞིག་གིས་སྨྲས་པ། ཁོ་བོ་ནི་ནུབ་ཕྱོགས་ནས་སོ། ། ཡང་གཞན་ཞིག་གིས་སྨྲས་པ། ཁོ་བོ་ནི་བྱང་ཕྱོགས་ནས་སོ། །བྲམ་ཟེའི་ཁྱེའུ་དེས་སྨྲས་པ། ཁོ་བོ་ནི་ཡུལ་དབུས་ནས་སོ། །དེ་དག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་གིས་ཡུལ་ཐམས་ཅད་མཐོང་ཞིང་ ཐོས་ན་ཡུལ་དབུས་ནི་མ་མཐོང་མ་ཐོས་སོ། །ཤར་ན་བློ་ཅན་གནས་པ་སྟེ། །ལྷོ་ཕྱོགས་ན་ནི་གཡོན་བྱེད་འདུག །ནུབ་ཀྱི་ཡུལ་ན་ཕྲ་མ་ཅན། །བྱང་ཕྱོགས་ན་ནི་ཚིག་རྩུབ་པོ། །ཞེས་ཚིགས་སུ་བཅད་པ་ཡང་སྨྲས་སོ། ། དེ་ནས་དྲིས་པ། བྲམ་ཟེའི་ཁྱེའུ་ཡུལ་དབུས་ཅི་འདྲ། ཤེས་ལྡན་དག་ཡུལ་དབུས་ནི་ཡུལ་རྣམས་ཀྱི་མཆོག་ཡིན་ཏེ། ས་ལུ་དང་། བུ་རམ་ཤིང་གི་ཕྲེང་བ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ། སློངས་མོ་ པ་བརྒྱས་ཁྱབ་པ། དབུས་པའི་སྐྱེ་བོས་གང་བ། མཐའ་འཁོབ་པའི་སྐྱེ་བོས་སྤངས་པ། སྐྱེ་བོ་མཁས་པས་བསྟེན་པ། དེ་ན་ཆུ་ཀླུང་གང་གཱ་ཁ་རྗེ་དང་། བསོད་ནམས་དང་། བཀྲ་ཤིས་དང་། གཙང་བ་དང་། གཙང་བ་ཉིད་ཀྱི་གནས་སུ་གྲགས་པ། འགྲམ་གཉིས་ནས་རླན་འཕྱོ་བ། དྲང་སྲོང་རྣམས་ཀྱི་བསྟི་གནས་ཤེས་བྱ་བ་ཆུ་དགུར་བཅྭ་བརྒྱད་འབབ་པ་ཡོད་དེ། དེར་དྲང་སྲོང་རྣམས་ཀྱི་དཀའ་ཐུབ་སྤྱད་ན་རང་གི་ལུས་ཉིད་ ཀྱིས་མཐོ་རིས་སུ་འདོང་བ་ཡིན་ནོ། །ཀྱེ་བྲམ་ཟེའི་ཁྱེའུ་དེ་ནི་མཇལ་གྱིས་གཞན་འདི་འདྲིའོ། །ཡུལ་དབུས་ན་མཁས་པར་བགྲང་བ་དག་ཡོད་དམ། ཤེས་ལྡན་དག་ཁོ་བོས་དང་པོ་ཉིད་ནས་ཤེས་ལྡན་དག ། ཡུལ་དབུས་ནི་དབུས་པའི་སྐྱེ་བོས་གང་བ། མཐའ་འཁོབ་པའི་སྐྱེ་བོས་སྤངས་པ། སྐྱེ་བོ་མཁས་པས་བསྟེན་པའོ་ཞེས་མ་སྨྲས་སམ། བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་དེ་སྐད་སྨྲས་སོ། །བྲམ་ཟེའི་ ཁྱེའུ་ཡུལ་དབུས་ན་འདི་ལྟ་སྟེ་དཔེར་ན། བདག་ཅག་གི་མཁན་པོ་དང་འདྲ་བ་སྨྲ་བའི་ཁྱུ་མཆོག་དེ་ལྟ་བུ་དག་ཡོད་དམ། ཤེས་ལྡན་དག་ཡུལ་དབུས་ན་བདག་ཅག་གི་མཁན་པོས་གང་དག་གི་གདོང་དུ་ལྟ་བར་ཡང་ མི་ནུས་པ་སྙན་པར་སྨྲ་བ། སྨྲ་བའི་ཁྱུ་མཆོག་དེ་ལྟ་བུ་དག་ཡོད་དོ། །བྲམ་ཟེའི་ཁྱེའུ་དེས་དེ་དག་ལ་དེ་ལྟ་དེ་ལྟར་ཡུལ་དབུས་ཀྱི་བསྔགས་པ་བརྗོད་པ་དང་། འདི་ལྟར་དེ་དག་ཐམས་ཅད་ཡུལ་དབུས་སུ་ འདོང་འདོད་པར་གྱུར་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་དག་གིས་ཡམ་སྲེག་ཤིང་དག་བཙལ་ཏེ། ཡམ་སྲེག་ཤིང་གི་ཁུར་ཐོགས་ནས་བྲམ་ཟེ་དེའི་ཁྱིམ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ཡམ་སྲེག་ཤིང་གི་ ཁུར་མཐའ་གཅིག་ཏུ་བཞག་སྟེ། བྲམ་ཟེ་དེ་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །མཁན་པོ་མཁྱེན་པར་མཛོད་ཅིག །བྲམ་ཟེའི་ཁྱེའུ་འདིས་ཅི་ནས་ཀྱང་བདག་ ཅག་ཐམས་ཅད་ཡུལ་དབུས་སུ་མཆི་འཚལ་བར་གྱུར་པ་དེ་ལྟར་ཡུལ་དབུས་ཀྱི་བསྔགས་པ་བརྗོད་དོ། །བྲམ་ཟེ་སྐར་རྒྱལ་གྱིས་སྨྲས་པ། བུ་དག་ཇི་སྙེད་ཐོས་པ་དེ་སྙེད་བགྲོད་པར་བྱ་བ་ཡིན་ནམ། འདི་ལྟར་ ཡུལ་དག་ནི་ཐོས་ན་དགའ་བར་འགྱུར་བ་ཡིན་པས་མཉན་པར་བྱའི་བགྲོད་པར་ནི་མི་བྱའོ། །མཁན་པོ་བྲམ་ཟེའི་ཁྱེའུ་འདིའི་མཆིད་ནས་ཡུལ་དབུས་ན་བདག་ཅག་གི་མཁན་པོས་གང་དག་གི་གདོང་དུ་ལྟ་ བར་ཡང་མི་ནུས་པ། སྙན་པར་སྨྲ་བ། སྨྲ་བའི་ཁྱུ་མཆོག་དེ་ལྟ་བུ་དག་མཆིས་སོ་ཞེས་མཆིའོ། །བུ་དག་ཅི་ཁོ་བོ་ན་རེ་སའི་སྟེང་ན་ཁོ་བོ་གཅིག་པུ་སྨྲ་བ་ཁོ་ན་ཡིན་གྱི་སྨྲ་བ་གཞན་འགའ་ཡང་མེད་དོ་ཞེས་ཟེར་ རམ། ས་ནི་རིན་པོ་ཆེ་མང་པོ་འཛིན་པ་ཡིན་པས་ས་གཞི་ནི་མཛེས་པ་མཛེས་པ་དག་གིས་གང་བ་ཡིན་ནོ། །མཁན་པོ་རེ་ཞིག་ཡུལ་དེ་ཡང་མཐོང་བར་འགྱུར་ཞིང་ཆུ་ངོགས་སུ་ཉེ་རིག་ཀྱང་བགྱི། སྨྲ་བའི་ ཁྱུ་མཆོག་དེ་དག་ལ་ཡང་བསྙེན་བཀུར་བགྱི། རྒོལ་བ་དག་ཀྱང་ཚར་གཅད་པར་བགྱི། རང་གི་གྲགས་པ་ཡང་བསྒྲག་པར་བགྱི། རྙེད་པ་ཡང་བསྒྲུབ་པར་བགྱིས། བདག་ཅག་ཡུལ་དབུས་སུ་མཆིའོ། ། བྲམ་ཟེ་དེ་སློབ་མ་ལ་རྗེས་སུ་ཆགས་པ་དང་བཅས་པ་དང་། འཁོར་ཉུང་བ་ཡིན་པས་དེས་བྲམ་ཟེའི་ཁྱེའུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བུ་དག་གལ་ཏེ་དེ་ལྟ་ན་གཡང་གཞི་དག་དང་། ཤིང་ཤུན་དག་དང་། དབྱུ་གུ་ དག་དང་། བླུགས་གཟར་དག་དང་། དགང་གཟར་དག་དང་། རིལ་བ་དག་ལོང་ཤིག་དང་ཡུལ་དབུས་སུ་འདོང་ངོ་། །དེ་དག་གིས་དེ་དག་བླངས་ནས་བྲམ་ཟེ་དེ་བྲམ་ཟེའི་ཁྱེའུ་དེ་དག་དང་ལྷན་ཅིག་ཡུལ་དབུས་སུ་འཕགས་པ་ དང་། དེས་རྒོལ་བ་ཁ་ཅིག་ནི་ཚར་བཅད་དེ་རྒོལ་བའི་ཤིང་རྟ་ལ་སྦྱོར་བར་བྱེད། ཁ་ཅིག་ནི་མགོར་ཐལ་བའི་བུམ་པ་དག་གིས་བསྣུན། ཁ་ཅིག་ནི་འཕོང་གི་དཔོང་སར་ཁྭ་བཞིན་དུ་ཐག་རིང་པོ་ནས་ཡོངས་སུ་སྤོང་བར་བྱེད། ཁ་ཅིག་ནི་གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསུ་བར་བྱེད། ཁ་ཅིག་ནི་སློབ་མ་ཉིད་དུ་ཁས་ལེན་པར་བྱེད་ཅིང་དེ་མཐར་གྱིས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། དབྱེ་ཚོངས་དང་། ཚོང་རྡལ་དག་ཏུ་ རྒོལ་བ་འདུལ་ཞིང་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །བྲམ་ཟེ་སྐར་རྒྱལ་གྱིས་བསམས་པ། བདག་གིས་ཅིའི་ཕྱིར་རྩ་བ་སྤངས་ཏེ་ཡལ་ག་དང་། འདབ་མ་དང་། ལོ་མ་ལ་ཉུག་པར་བྱ། རྒོལ་བ་གང་དག་དང་། མཁས་ པར་བགྲང་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རྒྱལ་པོ་དང་ཉེ་བ་ཡིན་གྱིས། བདག་ཀྱང་རྒྱལ་པོའི་གན་དུ་འགྲོའོ་སྙམ་ནས་བྲམ་ཟེ་སྐར་རྒྱལ་རྒྱལ་པོ་གཟུགས་ཅན་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་རྒྱལ་བ་དང་ཚེ་སྤེལ་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་བདག་ལ་བླ་མ་ ལས་ཡི་གེ་ཉུང་ཤས་ཤིག་བླངས་པ་མཆིས་ཏེ། དེའི་སླད་དུ་ལྷའི་སྤྱན་སྔར་རྒོལ་བ་དག་དང་ལྷན་ཅིག་བཀའ་མཆིད་རྣམ་པར་གཏན་ལ་དབབ་པར་འཚལ་ལོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་ དག་མཁན་པོ་གནས་ལེན་གྱི་བུ་དེ་གང་ན་འདུག །ལྷ་གྲོང་ན་ལ་ད་ནའོ། །མཁན་པོ་གནས་ལེན་གྱི་བུ་དེ་བོས་ཤིག །ལྷ་བོད་པར་བགྱིའོ་ཞེས་དེ་དག་གིས་དེ་བོས་ནས་དེ་རྒྱལ་པོ་གཟུགས་ཅན་སྙིང་པོ་ག་ལ་བ་དེར་ སོང་སྟེ་ཕྱིན་ནས། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་རྒྱལ་བ་དང་ཚེ་སྤེལ་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་པ་དང་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་མཁན་པོ་དེ་འདི་ལགས་སོ། །རྒྱལ་པོས་འོངས་པ་ལེགས་སོ། ། ཞེས་བྱ་བའི་ཚིག་གིས་ཀུན་དུ་སྤྱད་དེ་སྨྲས་པ། མཁན་པོ་ཁྱོད་ཁོ་བོའི་མདུན་དུ་བྲམ་ཟེ་སྐར་རྒྱལ་དང་ལྷན་ཅིག་གཏམ་རྣམ་པར་གཏན་ལ་དབབ་པ་བྱེད་ནུས་སམ། གནས་ལེན་གྱི་བུས་སྨྲས་པ། བདག་གིས་རྔོ་ ཐོག་གིས་རྒྱལ་པོ་དགྱེས་པར་བགྱིའོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་རྒོལ་བའི་དཀྱིལ་འཁོར་ཤོམས་ཤིག །ཕྱོགས་དང་གཞན་གྱི་ཕྱོགས་དག་རྣམ་པར་ཞོག་ཤིག །བློན་པོ་རྣམས་ ཀྱིས་རྒོལ་བའི་དཀྱིལ་འཁོར་བཤམས་ཤིང་ཕྱོགས་དང་གཞན་གྱི་ཕྱོགས་དག་རྣམ་པར་བཞག་གོ། །དེ་ནས་བློན་པོ་རྣམས་ཀྱིས་རྒྱལ་པོའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨྲས་པ། ལྷ་ཕྱོགས་སྔ་མ་གང་བགྱིད་ དུ་སྩལ། རྒྱལ་པོས་སྨྲས་པ། བྲམ་ཟེ་སྐར་རྒྱལ་འདི་འགྲོན་པ་ཡིན་གྱིས། འདི་ཕྱོགས་སྔ་མ་བྱེད་དུ་ཆུག་ཤིག །བྲམ་ཟེ་སྐར་རྒྱལ་གྱིས་སྨྲས་པ། ལྷ་བྲམ་ཟེ་གནས་ལེན་གྱི་བུ་འདི་རྒན་པ་ལགས་པས་འདི་ ཕྱོགས་སྔ་མ་བགྱིད་དུ་སྩལ་བར་གསོལ། བྲམ་ཟེ་གནས་ལེན་གྱི་བུས་བསམས་པ། བྲམ་ཟེ་སྐར་རྒྱལ་འདི་གཞུང་གསར་ལ་བྱེད་པ་གསལ་བས་བདག་གིས་འདི་དང་ལྷན་ཅིག་སྨྲ་བར་མི་ནུས་ཀྱིས། ཇེ་འདི་དང་ལྷན་ཅིག་ཚིག་འགྲེད་པ་ཞིག་བྱའོ་སྙམ་ནས་དེས་རྒྱུད་ཆགས་ལྔ་བརྒྱ་བཟླས་སོ། །བྲམ་ཟེ་སྐར་རྒྱལ་གྱིས་ཕྱིར་བཟླས་ཏེ། ཁྱོད་ཀྱི་འདི་ནི་རིགས་པ་མེད་པ་ཡིན་ནོ། །འདི་ནི་མི་མཐུན་པ་ཡིན་ནོ། ། འདི་ནི་མི་འཐད་པ་ཡིན་ནོ་ཞེས་སྐྱོན་བཏགས་པ་དང་། བྲམ་ཟེ་གནས་ལེན་གྱི་བུ་ཅང་མི་སྨྲ་བར་འདུག་གོ །ཚར་བཅད་པའི་གནས་རྣམས་ཀྱི་ནང་ན་འདི་ལྟ་སྟེ་ལན་ལ་སྤོབས་པ་མེད་པ་འདི་ནི་ཐ་ཆད་ཡིན་ནོ། །རྒྱལ་པོས་ བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་སུ་རྒྱལ། བྲམ་ཟེ་སྐར་རྒྱལ་རྒྱལ་ལོ། །ཤེས་ལྡན་དག་བྲམ་ཟེ་སྐར་རྒྱལ་ལ་རྒོལ་བའི་ལོངས་སྤྱོད་བྱིན་ཅིག །དེ་དག་གིས་སྨྲས་པ། ལྷ་གལ་ཏེ་སྐོལ་གྱིས་རྒོལ་བ་ མཆིས་ཤིང་ལྷགས་དགུ་ལ་རྒོལ་བའི་ལོངས་སྤྱོད་སྩལ་བར་གྱུར་ན་རིང་པོ་མི་ཐོགས་པར་སྐོལ་གྱི་ཡུལ་ཨང་ག་དང་མ་ག་དྷ་དག་རྒོལ་བའི་ལོངས་སྤྱོད་དུ་འགྱུར་བས། འདི་ལྟར་གྲོང་ན་ལ་ད་འདི་ཉིད་རྒོལ་ བའི་ལོངས་སྤྱོད་ཀྱི་བ་དན་དུ་བགྱིས་ལ་བྲམ་ཟེ་གནས་ལེན་གྱི་བུ་ལས་ཕྲོགས་ཏེ། བྲམ་ཟེ་འདི་ལ་སྩལ་ཅིང་འདི་བས་ཀྱང་ཆེས་རྒྱལ་བ་གཞན་འགའ་ཞིག་མཆིས་ན་ཡང་སྐོལ་གྱིས་དེ་ལ་སྩལ་བར་བགྱིའོ། ། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་དེ་བཞིན་གྱིས་ཤིག །དེ་དག་གིས་དེ་གནས་ལེན་གྱི་བུ་ལས་ཕྲོགས་ཏེ་བྲམ་ཟེ་སྐར་རྒྱལ་ལ་བྱིན་ནོ། །གནས་ལེན་གྱི་བུས་བསམས་པ། བདག་གིས་རྒྱལ་པོ་འདི་ལ་ཕན་ མང་དུ་བཏགས་ན་རྒྱལ་པོ་འདིས་བདག་རྗེས་སུ་མ་བསྲུངས་ཀྱིས། བདག་གཞན་དུ་འགྲོའོ་སྙམ་ནས་དེས་ཆུང་མ་ལ་སྨྲས་པ། བཟང་མོ་ཁོ་བོས་རྒྱལ་པོ་འདི་ལ་ཕན་མང་དུ་བཏགས་ན་རྒྱལ་པོ་འདིས་ཁོ་བོ་ རྗེས་སུ་མ་བསྲུངས་ཀྱིས་ཁོ་བོ་གཞན་དུ་འགྲོས་ཁྱིམ་གྱི་སོ་ནམ་དག་སྡུས་ཤིག །དེས་ཁྱིམ་གྱི་སོ་ནམ་དག་བསྡུ་བར་བརྩམས་པ་དང་། དེའི་ཉེ་དུ་དག་གིས་མཁན་པོ་གནས་ལེན་གྱི་བུ་གཞན་དུ་འགྲོའོ། ། ཞེས་ཐོས་ནས་དེ་དག་དེའི་གན་དུ་སོང་སྟེ་ཕྱིན་ནས་སྨྲས་པ། མཁན་པོ་ཅིའི་སླད་དུ་ཁྱིམ་གྱི་སོ་ནམ་དག་སྡུད། དེས་སྨྲས་པ། ཤེས་ལྡན་དག་ཁོ་བོས་རྒྱལ་པོ་འདི་ལ་ཕན་མང་དུ་བཏགས་ན་རྒྱལ་པོ་འདིས་ཁོ་བོ་རྗེས་ སུ་མ་བསྲུངས་ཀྱིས་ཁོ་བོ་གཞན་དུ་འགྲོའོ། །དེ་དག་གིས་སྨྲས་པ། མཁན་པོ་ཁྱོད་གཞན་དུ་མ་བཞུད་པར་རེ་ཞིག་ཉེ་དུའི་ནང་འདི་ཉིད་དུ་བདེ་བར་བཞུགས་ཤིག །དེས་ཚིགས་སུ་བཅད་པ་སྨྲས་པ། མི་ནི་གཞན་གྱི་ ཡུལ་ན་གནས་བླ་ཡི། །རང་གི་ཡུལ་ན་ཟིལ་གནོན་གནས་པ་མིན། །དེ་ཉིད་རང་ཡུལ་དེ་ན་གཉེན་ཡང་ཡོད། །བྲམ་ཟེ་སྐར་རྒྱལ་གྱིས་མཁན་པོ་གནས་ལེན་གྱི་བུ་གཞན་དུ་འགྲོའོ་ཞེས་ཐོས་ནས་དེ་དེའི་གན་དུ་སོང་སྟེ་ ཕྱིན་ནས་སྨྲས་པ། བདག་ནི་བློ་བུར་དུ་འོངས་པ་ཡིན་པས་རིང་པོ་མི་ཐོགས་པ་ཁོ་ནར་འགྲོ་སྟེ། འདི་ཁྱོད་ཉིད་ཀྱི་རྒོལ་བའི་ལོངས་སྤྱོད་དུ་འགྱུར་གྱིས་གཞན་དུ་མ་འགྲོ་བར་འདུག་ཤིག །དེས་སྨྲས་པ། བྲམ་ཟེའི་ཁྱེའུ་འགྲོའོ། །མཁན་པོ་གལ་ཏེ་དེ་ལྟ་ན་གྲོང་འདི་ཕྱེད་ཁྱོད་སྣོམས་ཤིག །ཕྱེད་བདག་འཚལ་ལོ། །བྲམ་ཟེ་གནས་ལེན་གྱི་བུས་བསམས་པ། བདག་གིས་རྒྱལ་པོ་འདི་ལ་ཕན་མང་དུ་བཏགས་ ན་རྒྱལ་པོ་འདིས་བདག་རྗེས་སུ་མ་བསྲུངས་ཏེ། འདི་ལྟར་བྲམ་ཟེ་སྐར་རྒྱལ་འདིས་བདག་ལ་འདི་ལྟ་སྟེ། ལོངས་སྤྱོད་དག་གིས་ལོངས་སྤྱོད་ཀྱི་བགོ་བཤའ་བྱས་པ་ནི་ཕན་མང་དུ་བཏགས་པ་ཡིན་གྱིས། འདི་ལ་ཤ་རི་ཀ་དེ་ཆུང་མའི་དོན་དུ་སྦྱིན་ནོ་སྙམ་ནས་དེས་ཆུང་མ་ལ་སྨྲས་པ། བཟང་མོ་ཁོ་བོས་རྒྱལ་པོ་འདི་ལ་ཕན་མང་དུ་བཏགས་ན་རྒྱལ་པོ་འདིས་ཁོ་བོ་རྗེས་སུ་མ་བསྲུངས་ཏེ། འདི་ལྟར་བྲམ་ཟེ་སྐར་རྒྱལ་ འདིས་ཁོ་བོ་ལ་འདི་ལྟ་སྟེ། ལོངས་སྤྱོད་དག་གིས་ལོངས་སྦྱོད་ཀྱི་བགོ་བཤའ་བྱས་པ་ནི་ཕན་མང་དུ་བཏགས་པ་ཡིན་གྱིས། འདི་ལ་ཤ་རི་ཀ་དེ་ཆུང་མའི་དོན་དུ་སྦྱིན་ནོ། །དེས་སྨྲས་པ། བྲམ་ཟེའི་ ཁྱེའུ་སྟོད་རིངས་ལ་དྲིའོ། །དེ་གཉིས་ཀྱིས་དེ་བོས་ཏེ་སྨྲས་པ། བུ་བདག་ཅག་གིས་རྒྱལ་པོ་འདི་ལ་ཕན་མང་དུ་བཏགས་ན་རྒྱལ་པོ་འདིས་བདག་ཅག་རྗེས་སུ་མ་བསྲུངས་ཏེ། འདི་ལྟར་བྲམ་ཟེ་སྐར་རྒྱལ་ འདིས་བདག་ཅག་ལ་འདི་ལྟ་སྟེ། ལོངས་སྤྱོད་དག་གིས་ལོངས་སྤྱོད་ཀྱི་བགོ་བཤའ་བྱས་པ་ནི་ཕན་མང་དུ་བཏགས་པ་ཡིན་གྱིས། འདི་ལ་ཤ་རི་ཀ་དེ་ཆུང་མའི་དོན་དུ་སྦྱིན་པར་བྱའོ། །དེས་སྨྲས་པ། ཡབ་ཡུམ་ དེ་ལྟར་དགྲ་བོ་ལ་མཛའ་བཤེས་སུ་བགྱིས་ན་འདི་ལྟ་སྟེ། དེས་ལོངས་སྤྱོད་རྣམས་ལས་ཉམས་པར་བགྱིད་པའམ། ཐམས་ཅད་ཀྱི་ཐམས་ཅད་དུ་སྲོག་དང་འབྲལ་བར་བགྱིད་པར་ཡང་འགྱུར་ལ། དེས་བདག་ཅག་ ལོངས་སྤྱོད་དག་ལས་ཉམས་པར་བགྱིས་ན། ཅིའི་སླད་དུ་སྐོལ་གྱིས་འདི་ལ་ཤ་རི་ཀ་མཆིས་བྲང་གི་དོན་དུ་སྩལ་བར་བགྱི། དེ་གཉིས་ཀྱིས་སྨྲས་པ། བླུན་པོ་ཁྱོད་ཅི་ཤེས་ཞེས་དེ་གཉིས་ཀྱིས་དེའི་ཚིག་ ཚིག་མ་ཡིན་པར་བྱས་ཏེ་ཤ་རི་ཀ་བྲམ་ཟེ་སྐར་རྒྱལ་ལ་ཆུང་མའི་དོན་དུ་བྱིན་ནོ། །དེས་དེ་དཔལ་གྱི་འབྱོར་པ་ཆེན་པོས་བག་མར་བླངས་སོ། །བྲམ་ཟེའི་ཁྱེའུ་སྟོད་རིངས་ཀྱིས་བསམས་པ། འདི་དག་གིས་བདག་ བརྙས་པར་གྱུར་པ་གང་ཡིན་པ་དེ་ཐམས་ཅད་ནི་ཐོས་པ་ཉུང་བ་ལས་གྱུར་པ་ཡིན་ནོ་སྙམ་ནས། འདི་ལྟར་བྲམ་ཟེ་སྐར་རྒྱལ་ཅི་ཞིག་ཤེས་སྙམ་ན། འཇིག་རྟེན་རྒྱང་པན་ཤེས་སོ་སྙམ་ནས་དེས་སྨྲས་པ། ཤེས་ལྡན་དག་འཇིག་རྟེན་རྒྱང་པན་ཤེས་པ་ག་ལ་ཡོད། ལྷོ་ཕྱོགས་ནའོ། །དེ་འཇིག་རྟེན་རྒྱང་པན་གྱི་དོན་དུ་ལྷོ་ཕྱོགས་སུ་འཕགས་ནས་དེ་མཐར་གྱིས་ལྷོ་ཕྱོགས་སུ་ཕྱིན་པ་དང་། དེ་དེར་སོང་སྟེ་དྲིས་ པ། ཤེས་ལྡན་དག་འཇིག་རྟེན་རྒྱང་པན་ཤེས་པ་སུ་དག་ཡིན། ཀུན་དུ་རྒྱུ་དག་གོ། དེ་དེ་དག་གི་གན་དུ་སོང་སྟེ་ཕྱིན་ནས་སྨྲས་པ། བདག་ཤེས་ལྡན་དག་གི་ཞབས་ལ་སྲི་ཞུ་བགྱིད་པར་འཚལ་ལོ། ། ཅི་ཞིག་གི་ཕྱིར། འཇིག་རྟེན་རྒྱང་པན་གཟུང་བའི་སླད་དུའོ། །དེ་དག་གིས་སྨྲས་པ། ཁོ་བོ་ཅག་ནི་ཁྱིམ་པ་ལ་འཇིག་རྟེན་རྒྱང་པན་མི་སྟོན་ཏོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ན་རབ་ཏུ་འབྱུང་ངོ་། །དེ་དག་གིས་དེ་ རབ་ཏུ་ཕྱུང་ནས་དེས་བདག་གིས་ཇི་སྲིད་དུ་འཇིག་རྟེན་རྒྱང་པན་མ་བཟུང་བ་དེ་སྲིད་དུ་བདག་གིས་སེན་མོ་མི་གཅད་དོ་ཞེས་དེས་སེན་མོ་རིང་པོ་རིང་པོར་བཞག་ནས་དེའི་སེན་མོ་རིང་བ་རིང་བར་གྱུར་པས་དེའི་མིང་ཀུན་དུ་ རྒྱུ་སེན་རིངས་ཀུན་དུ་རྒྱུ་སེན་རིངས་ཤེས་བྱ་བར་གྱུར་ཏོ། །ཤ་རི་ཀ་ཡང་བྲམ་ཟེ་སྐར་རྒྱལ་དང་ལྷན་ཅིག་འགྱེད་པར་བྱེད་པ་ན་སྐར་རྒྱལ་གྱིས་དེ་ཚར་བཅད་དོ། །བྲམ་ཟེ་སྐར་རྒྱལ་ཤ་རི་ཀ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་སེམས་ཅན་སྲིད་པ་ཐ་མ་པ་སྤྱོད་པ་ཚོལ་བ། ཐར་པའི་སྙིང་པོ་བཟུང་བ། མྱ་ངན་ལས་འདས་པ་ལ་ཕྱོགས་པ། འཁོར་བ་ལས་ཕྱིར་ཕྱོགས་པ། སྲིད་པའི་ འགྲོ་བ་ཐམས་ཅད་དུ་འཆི་འཕོ་དང་སྐྱེ་བ་དོན་དུ་མི་གཉེར་བ། ལུས་ཐ་མ་འཛིན་པ་ཞིག་ཀྱང་ལྷའི་རིས་བཟང་པོ་ཞིག་ནས་ཤི་འཕོས་ཏེ་ཤ་རི་ཀའི་མངལ་དུ་ཞུགས་སོ། །ཤ་རི་ཀས་རྨི་ལམ་དུ་མི་ལག་ན་ སྒྲོན་མ་ཐོགས་པ་ཞིག་གིས་བདག་གི་དཀུ་དྲལ་ཏེ་ཞུགས་ཤིང་བདག་རི་ཆེན་པོའི་སྤོ་ལ་འཛེག་གོ། བདག་སྟེང་གི་ནམ་མཁའ་ལ་འགྲོའོ། །བདག་ལ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཕྱག་འཚལ་ལོ་ ཞེས་ཟེར་བ་རྨིས་སོ། །རྨིས་ནས་དེས་བྲམ་ཟེ་སྐར་རྒྱལ་ལ་སྨྲས་པ། བདག་གིས་རྨི་ལམ་འདི་དང་འདི་ལྟ་བུ་ཞིག་རྨིས་སོ། །འདི་ལྟར་བྲམ་ཟེ་སྐར་རྒྱལ་ཉིད་རྨི་ལྟས་ཀྱི་དཔྱད་ལ་མཁས་པ་ཡིན་མོད་ཀྱི་ དེས་བྲམ་ཟེ་རྨི་ལྟས་ཀྱི་དཔྱད་འདོན་པ་གཞན་དག་ལ་སྨྲས་པ། བདག་གི་བྲམ་ཟེ་མོས་རྨི་ལམ་འདི་དང་འདི་ལྟ་བུ་ཞིག་རྨིས་ན་ཅི་ལ་ལྟ། དེ་དག་གིས་སྨྲས་པ། མཁན་པོ་གཡར་ལམ་དེ་བཟང་སྟེ། མི་ལག་ན་སྒྲོན་མ་ཐོགས་པ་ཞིག་གིས་བདག་གི་དཀུ་དྲལ་ཏེ་ཞུགས་ཤེས་མཆི་བ་ནི་བུ་བཙའ་བར་འགྱུར་ཞིང་དེས་ལོ་བརྒྱད་གཉིས་ཀྱིས་དབང་པོའི་བརྡ་སྤྲོད་པ་བཀླགས་ནས་རྒོལ་བ་ཐམས་ཅད་ཚར་ གཅོད་པར་འགྱུར་བ་ལ་ལྟའོ། །བདག་རི་ཆེན་པོའི་སྤོ་ལ་འཛེག་གོ། །བདག་སྟེང་གི་ནམ་མཁའ་ལ་འགྲོའོ། །བདག་ལ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཕྱག་འཚལ་ལོ་ཞེས་མཆི་བ་གང་ལགས་པ་ནི་རབ་ ཏུ་བྱུང་ནས་བརྟུལ་ཞུགས་གྲུབ་པའི་བདག་ཉིད་ཆེན་པོར་འགྱུར་བ་ལ་ལྟའོ། །དུས་གཞན་ཞིག་ན་བྲམ་ཟེ་སྐར་རྒྱལ་ཤ་རི་ཀ་དང་ལྷན་ཅིག་འགྱེད་པར་བྱེད་པ་ན་ཤ་རི་ཀས་དེ་ཚར་བཅད་ནས། དེས་ བསམས་པ། སྔོན་བདག་གིས་འདི་ཚར་བཅད་ན་ད་འདིས་བདག་ཚར་བཅད་པའི་སྦྱོར་བ་གང་ཡིན་སྙམ་ནས་དེས་བསམས་པ། དེ་ནི་འདིའི་མཐུ་མ་ཡིན་གྱི། འདི་ལྟར་འདིའི་མངལ་དུ་སེམས་ཅན་ ཞུགས་པ་གང་ཡིན་པ་དེའི་མཐུ་ཡིན་ནོ་སྙམ་མོ། །དེ་ནས་ཟླ་བ་བརྒྱད་དམ་དགུ་འདས་ཏེ་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། གསལ་བ། གསེར་གྱི་མདོག་འདྲ་བ། མགོ་ གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ། འཕྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ། སྣའི་བཟངས་མཐོ་བ་ཞིག་བཙས་སོ། །བཙས་ནས་དེས་བྲམ་ཟེ་སྐར་རྒྱལ་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་འདི་ མེས་པོའི་གན་དུ་ཕུལ་ན་དེ་འདིའི་མིང་འདོགས་པར་འགྱུར་རོ། །དེས་མེས་པོའི་གན་དུ་ཁྲིད་པ་དང་དེས་ཁྱེའུའི་མིང་ཅིར་གདགས་ཤེས་བསམས་ན། བྲམ་ཟེའི་ཁྱེའུ་འདི་བྲམ་ཟེ་སྐར་རྒྱལ་གྱི་བུ་ཡིན་ པས་བྲམ་ཟེའི་ཁྱེའུ་འདིའི་མིང་ཉེ་རྒྱལ་དུ་གདགས་སོ་སྙམ་ནས་དེའི་མིང་ཉེ་རྒྱལ་ཞེས་བྱ་བར་བཏགས་སོ། །བྲམ་ཟེ་སྐར་རྒྱལ་གྱིས་སྨྲས་པ། མེས་པོས་བྲམ་ཟེའི་ཁྱེའུ་འདིའི་མིང་ཅིར་བཏགས་ ཉེ་རྒྱལ་ཞེས་བྱ་བར་བཏགས་སོ། །དེས་བསམས་པ། མེས་པོས་བྲམ་ཟེའི་ཁྱེའུ་འདིའི་མིང་ཕ་ལས་དྲས་ཏེ་བཏགས་ཀྱིས། བདག་གིས་འདིའི་མིང་མ་ལས་དྲས་ཏེ་གདགས་སོ་སྙམ་ནས་བྲམ་ཟེའི་ཁྱེའུ་ འདི་མ་ཤ་རི་ཀའི་བུ་ཡིན་པས་འདིའི་མིང་ཤཱ་རིའི་བུར་གདགས་སོ་སྙམ་ནས་དེའི་མིང་ཤཱ་རིའི་བུ་ཞེས་བྱ་བར་བཏགས་སོ། །དེ་ན་ཁ་ཅིག་གིས་ནི་བྲམ་ཟེའི་ཁྱེའུ་ཤཱ་རིའི་བུ་ཞེས་བྱ་བར་ཤེས་སོ། །ཁ་ཅིག་གིས་ནི་ བྲམ་ཟེའི་ཁྱེའུ་ཉེ་རྒྱལ་ཞེས་བྱ་བར་ཤེས་སོ། །བྲམ་ཟེའི་ཁྱེའུ་ཉེ་རྒྱལ་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་ གཉིས་ལ་རྗེས་སུ་གཏད་དོ། །དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང་། ཞོ་དང་མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་ གནས་པའི་པད་མ་བཞིན་མྱུར་དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཆེན་པོ་གྱུར་པ་དེའི་ཚེ་ཡི་གེ་དང་། གྲངས་དང་། རྩིས་དང་། ལག་རྩིས་དང་། དབྱུང་བ་དང་། གཞུག་པ་དང་། གཞག་པ་དང་། འབྱེད་པ་དང་། ཀློག་པའི་ ཕ་རོལ་དུ་སོན་ཅིང་། དེའི་ཚེ་ན་བྲམ་ཟེའི་སྤྱོད་ཚུལ་དང་། སྤྱོད་པ་དང་། གཙང་སྦྲ་དང་། ཀུན་ཏུ་སྤྱོད་པ་དང་། ཐལ་བ་བླང་བ་དང་། བྱ་མ་བུམ་བླང་བ་དང་། ས་བླང་བ་དང་། ལག་སྟངས་དང་། ཐོར་ཚུགས་དང་། རབ་བསྔགས་ བྱ་བ་དང་། ཀྱེ་ཞེས་བྱ་བ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། བྲམ་ཟེའི་ལས་དྲུག་པོ་མཆོད་སྦྱིན་བྱེད་པ་དང་། མཆོད་སྦྱིན་བྱེད་དུ་འཇུག་ པ་དང་། ཀློག་པ་དང་། ཀློག་ཏུ་འཇུག་པ་དང་། སྦྱིན་པ་དང་། ལེན་པ་ལ་མཁས་པའི་བྲམ་ཟེ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་དུ་སོན་པ། མེ་ལྟ་བུའི་ཤེས་པས་རང་གི་སྨྲ་བ་གསལ་བར་བྱེད་པ། གཞན་གྱི་སྨྲ་བ་ཚར་གཅོད་ནུས་པར་གྱུར་ཏོ། །དེས་ཕས་རིག་པའི་གནས་ཐམས་ཅད་སློབ་དུ་བཅུག་ནས་དེས་ལོ་བརྒྱད་གཉིས་ཀྱིས་དབང་པོའི་བརྡ་སྤྲོད་པ་བླགས་ནས་རྒོལ་བ་ཐམས་ཅད་ཚར་བཅད་པར་གྱུར་ ཏོ། །དེ་དུས་གཞན་ཞིག་ན་ཕ་དང་ལྷན་ཅིག་རིག་བྱེད་འདོན་པར་བྱེད་པ་ན་སྨྲས་པ། ཡབ་སྨྲས་པ་འདིའི་དོན་ཅི་ལགས། བུ་ཁོ་བོས་ཀྱང་སྨྲས་པ་འདིའི་དོན་མི་ཤེས་ཏེ། འདི་ལྟར་གསང་ཚིག་གི་གཞི་འདི་དག་ནི་སྔོན་ གྱི་དྲང་སྲོང་རྣམས་ཀྱིས་བསྟོད་པ་བསྒྲགས་པ་ཡང་དག་པར་སྦྱར་བ་སྟེ། དེ་དག་ནི་ད་ལྟར་བྲམ་ཟེ་རྣམས་ཀྱང་རྗེས་སུ་སྒྲོགས་ཤིང་རྗེས་སུ་བརྗོད་པར་བྱེད་དོ། །ཡབ་གསང་ཚིག་གི་གཞི་སྔོན་གྱི་དྲང་སྲོང་དེ་རྣམས་ ཀྱིས་བསྟོད་པ་བསྒྲགས་པ་ཡང་དག་པར་སྦྱར་བ་གང་དག་ད་ལྟར་བྲམ་ཟེ་རྣམས་རྗེས་སུ་སྒྲོགས་ཤིང་རྗེས་སུ་རྗོད་པ་དེ་དག་དོན་མ་མཆིས་ལགས་སྙམ་འམ། ཅི་འདི་ལྟར་སྨྲས་པ་འདིའི་དོན་ནི་འདི་ལགས་སོ། ། སྨྲས་པ། འདིའི་དོན་ནི་འདི་ལགས་སོ། །བྲམ་ཟེ་སྐར་རྒྱལ་ཡིད་དགའ་ཞིང་ཡིད་དགའ་ནས་བསམས་པ། བུས་བྱ་བ་ནི་འདི་ལྟ་སྟེ། ཕའི་གཞུང་སྲོངས་པར་བྱ་བ་འམ། ཁྱད་པར་ལྷག་པར་རྟོགས་པར་བྱ་བ་ དེ་ཙམ་དུ་ཟད་ན་བྲམ་ཟེའི་ཁྱེའུ་འདིས་ནི་བདག་པས་ཁྱད་པར་ལྷག་པར་རྟོགས་སོ་སྙམ་ནས། དེ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་བྲམ་ཟེའི་གསང་ཚིག་དག་ཀློག་ཏུ་འཇུག་པ་དེ་དག་ཀྱང་དེས་ཡིད་དགའ་ཞིང་ དགའ་བས་དེ་ཉིད་ལ་གཏད་དོ། །བྲམ་ཟེའི་ཁྱེའུ་ཉེ་རྒྱལ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་བྲམ་ཟེའི་གསང་ཚིག་དག་ཀློག་ཏུ་འཇུག་པ་ན་དེས་རིག་བྱེད་རིང་པོ་རིང་པོ་གང་དག་ཡིན་པ་དེ་དག་ནི་ཐུང་ངུར་རྣམ་པར་